ཀྲུང་གོ་བོད་ཀྱི་དྲ་བ།

ཝུ་ཙི་པེ་ཁི་སི་ཐན་གྱི་མེ་ཤུགས་གློག་འདོན་བཟོ་གྲྭ་ཞིག་ལ་འགས་གཏོར་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།

  རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཝུ་ཙི་པེ་ཁི་སི་ཐན་གྱི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་ཉི་ཤུའི་ཉིན་བདེན་དཔང་བྱས་དོན། ཝུ་ཙི་པེ་ཁི་སི་ཐན་གྱི་ཐཱ་ཧྲི་ཀན་ཀྲིག་ཨན་ཀི་ལེན་གྲོང་ཁྱེར་གྱི་མེ་ཤུགས་གློག་འདོན་བཟོ་གྲྭ་ཞིག་ལ་ཚེས་ཉི་ཤུའི་ཉིན་འགས་གཏོར་བྱུང་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཟེར། 

ཝུ་ཙི་པེ་ཁི་སི་ཐན་གྱི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་བསྣཏ་དོན། འགས་གཏོར་དོན་རྐྱེན་དེ་ནི་ས་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཞེ་གཉིས་སྟེང་བྱུང་བ་དང་། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན་འབར་སླ་བའི་རྡུལ་ཕྱེ་དང་མཁའ་དབུགས་མཉམ་འདྲེས་བྱུང་སྟེ་འགས་གཏོར་བྱུང་བ་རེད། དོན་རྐྱེན་བྱུང་བའི་གློག་འདོན་བཟོ་གྲྭ་དེར་ཞིག་གསོ་བྱེད་བཞིན་ཡོད་པས། དོན་རྐྱེན་དེ་ལས་མི་སྣ་མང་བོར་ཤི་རྨས་ཐེབས་མེད་ལ། གློག་འདོན་བཟོ་གྲྭའི་རྨང་གཞིའི་སྒྲིག་ཆས་གཞན་པར་ཡང་གཏོར་བརླག་ཐེབས་མེད་ཟེར། 

མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེར་ཞིབ་ཏུ་རྟོག་དཔྱོད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།