ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཡུལ་དུས་ལ་ངེས་པ་མེད་པར་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བཅོ་བརྒྱད་ཉིན་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ནས་བསྟན་དོན། ཁོས་ཡུལ་དུས་ངེས་མེད་དུ་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱེད་འདོད་ཡོད་ལ། ཞོར་དུ་རིམས་ནད་ཀྱི་ཤུགས་རྐྱེན་ལ་བསམ་བློ་བཏང་ན་དངོས་སུ་མ་འཕྲད་པའི་ཐབས་ཀྱིས་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར། 

ཝུན་ཙེ་ཡུན་གྱིས་ཉིན་དེར་ཆིན་ཝ་ཐེ་ནས་སྤེལ་བའི་ཉིས་སྟོང་ཉི་ཤུ་ལོའི་ལོ་གསར་བའི་གསར་འགོད་པའི་ཚོགས་འདུའི་སྟེང་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་བཤད་རྒྱུར། ཁོའི་ཙུང་ཐུང་གི་འགན་ཡུན་ལ་དུས་ཚོད་མང་བོ་ལྷག་མེད་པ་དང་། ལྷག་ཡོད་པའི་དུས་ཚོད་དེའི་ནང་འབད་བརྩོན་ཆེན་པོས་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་ལེགས་བཅོས་བྱེད་འདོད་ཡོད་ཀྱང་། ཧོལ་རྒྱུག་བྱེད་མི་སྲིད་ཟེར། 

ཝུན་ཙེ་ཡུན་གྱིས་བསྟན་དོན། ཧན་གོ་དང་ཁྲའོ་ཞན་གྱིས་གྲོས་མོལ་ལ་བརྟེན་ནས་མི་ཆོས་རིང་ལུགས་ཁྱབ་ཁོངས་སོགས་འདུས་པའི་མཉམ་ལས་སྤེལ་ཆོག དེ་ལྷོ་བྱང་གི་འབྲེལ་བའི་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པར་མ་ཟད། ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་གྱི་སྐུལ་འདེད་གཏོང་མཁན་དུ་གྱུར་ནས་གྲུབ་འབྲས་བཟང་བོ་ཐོབ་ངེས་རེད་ཟེར། 

ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་གླེང་སྐབས་ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཉིས་སྟོང་བཅོ་བརྒྱད་ལོར་སིང་ག་ཕོར་ནས་གྲོས་མོལ་བྱས་པ་དང་ཐུན་མོང་གི་ལྟ་ཚུལ་བཀོད་ཀྱང་། དེའི་རྗེས་སུ་དེ་ལས་ལྷག་པའི་གྲུབ་འབྲས་ལོན་མ་ཐུབ་པར་ཡིད་འཕང་བ་ཞིག་རེད། སིང་ག་ཕོར་གྱི་གྲོས་མོལ་སྐབས་ཁྲའོ་ཞན་དང་ཨ་མེ་རི་ཁ་ཕྱོགས་ཀྱིས་ཕན་ཚུན་ལ་ཁས་ལེན་དམ་བཅའ་བྱས་ཡོད་ལ། དམ་བཅའ་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧ་ཅང་གལ་ཆེན་ཡིན་ཡང་། དམ་བཅའ་དེ་དག་ལག་བསྟར་བྱེད་པར་འཕྲལ་མ་ཉིད་དུ་འགྲུབ་ཐབས་མེད་པ་དང་། དུས་རིམ་བགོས་ནས་ཡོངས་འགྲུབ་བྱེད་དགོས་པར་མ་ཟད། ཕྱོགས་གཉིས་ཀྱི་གོམ་སྟབས་གཅིག་མཐུན་སྲུང་འཛིན་བྱེད་དགོས་ཟེར། ཁོས་གལ་ཏེ་ཨ་མེ་རི་ཁའི་སྲིད་གཞུང་གསར་བས་རྣམ་འགྱུར་གསར་བས་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་སྤེལ་བ་དང་། འདས་སོང་གི་ཉམས་མྱོང་བཟང་བོ་དང་ཕམ་ཁའི་བསླབ་བྱ་བསྡུ་ལེན་བྱས་ནས། གྲུབ་འབྲས་བཟང་བོ་ཞིག་ཐོབ་སྲིད་པར་ཡིད་ཆེས་ཡོད་ཟེར། 

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ཁོས་བལྟས་ན་ཅིན་ཀྲིན་ཨིན་གྱི་ཞི་བདེ་དང་གྲོས་མོལ། ཉིང་རྡུལ་ནུས་པ་མེད་པར་གཏོང་བ་བཅས་ཀྱི་རེ་འདུན་ཚང་མ་ཧ་ཅང་མངོན་གསལ་ཡིན་ལ། ཁྲའོ་ཞན་གྱིས་སྒྲིག་ལུགས་འགན་སྲུང་ཐོབ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་མངོན་འགྱུར་བྱེད་པའི་རེ་བ་ཡོད་ཟེར། གལ་ཏེ་ཁྲའོ་ཞན་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་སིང་ག་ཕོར་གྱི་གྲོས་མོལ་གྱི་ཐུན་མོང་ལྟ་ཚུལ་དེ་ཇི་ལྟར་བྱེ་བྲག་གི་ཇུས་གཞིར་འགྱུར་དུ་འཇུག་པའི་ཐད་གྲོས་མོལ་ཞིབ་ཏུ་བྱས་ན། གནད་དོན་ཐག་གཅོད་བྱེད་པའི་ཐབས་ཇུས་རྙེད་སྲིད་པ་དང་། ཧན་གོ་ཡིས་ཀྱང་དོན་དེའི་ཐད་ནུས་པ་གང་ཡོད་འདོན་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།