ཀྲུང་གོ་བོད་ཀྱི་དྲ་བ།

ཅིན་ཀྲིན་ཨིན་གྱིས་ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་བསྒྱུར་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་དགུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་དམག་སྤྱི་ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་དུ་འབྲེལ་བ་གསར་པ་འཛུགས་པའི་ལྡེ་མིག་ནི་ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་དེ་ཡིན་ཞེས་བཤད་ཟེར།

ཅིན་ཀྲིན་ཨན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་སྐབས་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་གྱི་སྤྱི་སྡོམ་སྙན་ཞུ་འབུལ་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་དབང་སུས་བཟུང་ན་ཡང་ཁྲའོ་ཞན་ལ་སྤྱོད་པའི་སྲིད་ཇུས་ཀྱི་ངོ་བོ་འགྱུར་མི་སྲིད་པས། ཕྱི་འབྲེལ་སྡེ་ཁག་གིས་ཐབས་ཇུས་ལྡན་པའི་སྒོ་ནས་ཨ་མེ་རི་ཁར་སྤྱོད་པའི་འཐབ་ཇུས་གཏན་ཁེལ་བྱས་ཏེ། བཙན་རྒྱལ་རིང་ལུགས་ལ་རྒོལ་བའི་འཐབ་ཕྱོགས་རྒྱུན་མ་ཆད་པར་རྒྱ་བསྐྱེད་དགོས། ཨ་མེ་རི་ཁར་མུ་མཐུད་དུ་མདུང་རྩེ་ཁ་སྤྲོད་ཀྱི་རྩ་དོན་ལག་བསྟར་བྱེད་རྒྱུ་ནི་ཁྲའོ་ཞན་ཏང་གི་ལངས་ཕྱོགས་བརྟན་པོ་ཡིན་ཟེར།

སྙན་ཞུའི་ནང་དུ་ད་དུང་ཧན་གོའི་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བའི་རྩ་དོན་རང་བཞིན་གྱི་ལངས་ཕྱོགས་རྒྱས་བཤད་བྱས་ཡོད་དེ། ཕ་རོལ་བ་དགྲ་རུ་འཛིན་མཚམས་བཞག་སྟེ། ཁྲའོ་ཞན་དང་ཧན་གོའི་བར་དུ་བཀོད་པའི་བསྒྲགས་གཏམ་ལ་རྣམ་འགྱུར་ནན་མོ་འཛིན་རྒྱུ་མ་ཟད་ལག་བསྟར་བྱེད་རྒྱུ་དེ་ཡིན་ཟེར། སྙན་ཞུའི་ནང་དུ་བཤད་རྒྱུར། ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་སླར་གསོ་བྱེད་ཐུབ་མིན་དང་གསོན་ཤུགས་ལྡན་པར་བྱེད་ཐུབ་མིན་དེ་ཧན་གོའི་རྣམ་འགྱུར་ལ་རག་ལས་ཡོད། ཁྲའོ་ཞན་གྱིས་མིག་སྔར་ཧན་གོར་རང་གི་ལྷག་བསམ་སྟོན་པའི་དགོས་པ་མེད་པ་དང་། ཧན་གོས་ཁྲའོ་ཞན་གྱི་ལུགས་མཐུན་རེ་བར་ལན་བཏབ་པ་དང་ཁྲའོ་ཞན་དང་ཧན་གོའི་བསྒྲགས་གཏམ་ལག་བསྟར་བྱེད་མིན་གྱི་བྱ་སྤྱོད་ལ་བལྟས་ནས་དེ་བསྟུན་གྱི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

སྙན་ཞུའི་ནང་དུ་ད་དུང་བཤད་རྒྱུར། ཧན་གོའི་དབང་འཛིན་ལས་ཁུངས་ཀྱི་རྣམ་འགྱུར་ལྟར་ན། ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ཅང་མི་འགོར་བར་ཞི་བདེ་དང་དར་རྒྱས་ཀྱི་མགོ་རྩོམ་ས་གསར་པར་བསླེབ་ངེས་ལ། དེ་ནི་ཁྲའོ་ཞན་མི་དམངས་ཀྱི་འདོད་བློ་ཡིན་ཟེར།

ཁྲའོ་ཞན་ངལ་རྩོལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཚེས་ལྔ་ཉིན་ཕེན་རང་ནས་ཚོགས་མགོ་བརྩམས། ཅིན་ཀྲིན་ཨིན་གྱིས་ཚེས་ལྔ་ཉིན་ནས་ཚེས་བདུན་ཉིན་བར་ཁྲའོ་ཞན་ངལ་རྩོལ་ཏང་སྐབས་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བའི་གནས་ཚུལ་སྐོར་གྱི་སྤྱི་སྡོམ་སྙན་ཞུ་ཕུལ། ཚེས་བརྒྱད་ཉིན་ཚོགས་འདུར་ཞུགས་པའི་མི་རྣམས་ཀྱིས་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བ་སྤྱི་སྡོམ་བྱེད་པའི་སྐོར་གྱི་འབྲེལ་ཡོད་གྲོས་རིམ་ལ་གྲོས་སྡུར་བྱས་པ་དང་། ཚོགས་ཆེན་ད་དུང་མུ་མཐུད་དུ་བསྡུ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།