ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་འཇར་མན་གྱི་མགོ་ཁྲིད་པས་མཉམ་འབྲེལ་སྒོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོན་སྐྱེད་བྱེད་པར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ལྔ་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་སྟེ། མཉམ་འབྲེལ་སྒོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོན་སྐྱེད་བྱེད་པའི་མདུན་ལྗོངས་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐོན་སྐྱེད་བྱེད་པའི་མདུན་ལྗོངས་སོགས་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་འཕྲོད་བསྟེན་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས་ཀྱིས་མུ་མཐུད་དུ་གནད་དོན་དེའི་ཐད་ནས་འབྲེལ་འདྲིས་བྱེད་རྒྱུ་ཡིན། 

གཞན་ཡང་ཨུ་རུ་སིའི་ཅཱ་མཱ་ལེ་ཡཱ་འགོས་ནད་དང་སྐྱེ་དངོས་ཕྲ་མོའི་རྒྱལ་ཁབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཅིན་ཚི་པའོ་ཡིས་ཚོད་དཔག་བྱས་པ་ལྟར་ན། མིག་སྔར་ཨུ་རུ་སིའི་མང་ཚོགས་འབུམ་བརྒྱད་ནས་ས་ཡ་གཅིག་ལྷག་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་བརྒྱབ་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།