ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ཐར་གྱི་མགོ་གཙོ་སོ་ཏི་ཨ་རབ་ཏུ་འབྱོར་ནས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ལྔ་ཉིན། ཁཱ་ཐར་རྒྱལ་ཁབ་ཀྱི་མགོ་གཙོ་ཐཱ་མུས་མུའུ་སོ་ཏི་ཨ་རབ་ནུབ་ངོས་ཀྱི་ཨོ་ལཱ་གྲོང་ཁྱེར་དུ་འབྱོར་ཏེ། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་གྲོས་ཚོགས་སྐབས་ཞེ་གཅིག་པར་ཞུགས་པ་རེད། 

སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མའོ་ཏི་ཡིས་ཉིན་དེར་གནམ་གྲུ་ཐང་ནས་ཐཱ་མུས་མུའུ་ལ་བསུ་བ་བྱས་པ་དང་། དེ་ནི་ཁཱ་ཐར་གྱི་མགོ་གཙོས་ལོ་གསུམ་ལྷག་གི་རིང་ལ་ཐོག་དང་པོར་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱས་པ་རེད། སོ་ཏི་ཨ་རབ་རྒྱལ་ཁབ་བརྙན་འཕྲིན་ཁང་གི་ཐད་གཏོང་བརྙན་རིས་ལས་མངོན་པ་ལྟར་ན། མུའུ་ཧན་མའོ་ཏི་དང་ཐཱ་མུས་མུའུ་གཉིས་ཀྱིས་གནམ་གྲུ་ཐང་ནས་སྐེ་འཇུ་བྱས་ཏེ་ཡུན་ཐུང་བསམ་ཚུལ་རྗེས་རེས་བྱས་པ་རེད། 

སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པར་ཐཱ་མུས་མུའུ་སོ་ཏི་ཨ་རབ་ནས་བསྡུས་པའི་སྐབས་བཞི་བཅུ་བའི་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས་ཀྱང་། ཐཱ་མུས་མུའུ་དངོས་སུ་མ་ཞུགས་པ་དང་། སྐབས་དེའི་ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ནང་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཨ་པུའུ་ཏུའུ་ལཱ་ཁོའི་ཚབ་ཏུ་གྲོས་ཚོགས་ལ་ཞུགས་པར་མངག་པ་རེད། 

ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པར། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན། ཨེ་ཅིབ་བཅས་ཀྱིས་ཁཱ་ཐར་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་དང་ས་ཁུལ་བདེ་འཇགས་ལ་གཏོར་བརླག་བྱས་པ་རྒྱུ་མཚན་དུ་བྱས་ཏེ། ཁཱ་ཐར་བར་གྱི་འབྲེལ་ཐག་བཅད་དེ་ཁཱ་ཐར་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། 

མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་ནི་གཅིག་སྟོང་དགུ་བརྒྱ་གྱ་གཅིག་ལོར་བཙུགས་པ་དང་། སྤྱི་ཁྱབ་པུའུ་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་རུ་བཙུགས་ཡོད་ལ། ཁོངས་གཏོགས་རྒྱལ་ཁབ་ལ་སོ་ཏི་ཨ་རབ་དང་པཱ་ལིན། ཨ་མན། ཁི་ཝེ་ཐི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁཱ་ཐར་བཅས་འདུས། དེ་ནི་མཚོ་ཁུགས་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་བཅས་ཀྱི་རྩ་འཛུགས་ཆེས་གཙོ་བོ་ཞིག་ཡིན་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།