ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་དངུལ་ཁང་གིས་སྔོན་དཔག་བྱས་པ་ལྟར་ན2021ལོར་འཛམ་གླིང་གི་དཔལ་འབྱོར4%འཕར་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་དངུལ་ཁང་གིས་ཚེས5ཉིན་ཁྱབ་བསྒྲགས་བྱས་པའི《འཛམ་གླིང་གི་དཔལ་འབྱོར་རྒྱང་བལྟ》ཞེས་པའི་སྙན་ཞུ་གསར་བའི་ནང་བཀོད་པ་ལྟར་ན། པྲོག་གསར་གློ་ཚད་ཀྱི་འགོག་སྨན་ཁྱབ་གདལ་བེད་སྤྱོད་གཏོང་བ་དང་བསྟུན་ནས2021ལོར་འཛམ་གླིང་གི་དཔལ་འབྱོར་འཕར་ཚད4%ཡིས་ཇེ་མཐོར་འགྲོ་རྒྱུ་ཡིན་པར་བསྟན།

སྙན་ཞུ་ནང་བཤད་རྒྱུར། གོ་ལ་ཧྲིལ་བོའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང2020ལོར4.3%ཇེ་ཉུང་དུ་ཕྱིན་མོད2021ལོར་ཕྱིར་སླར་གསོ་འབྱུང་རྒྱུ་རེད། པྲོག་གསར་གློ་ཚད་རིམས་ནད་ཀྱིས་མི་ཁྲི་སྟོང་མང་པོ་ཞིག་དཀའ་སྡུག་གི་གནས་ལ་སྦྱར་བ་མ་ཟད། མ་འོངས་པའི་དུས་ཡུན་རིང་པོ་ཞིག་ལ་དཔལ་འབྱོར་དང་ཡོང་སྒོ་ཐད་ཚད་བཀག་ཐེབས་སྲིད་པ་རེད། དེ་བས་དཔལ་འབྱོར་སླར་གསོ་བྱ་ཆེད་ཉེ་དུས་ཀྱི་ཐབས་ཇུས་གཙོ་བོ་ནི་རིམས་ནད་ཁྱབ་སྤེལ་བྱེད་པར་ཚོད་འཛིན་བྱ་རྒྱུ་དང་། འགོག་སྨན་ཁྱབ་གདལ་དུ་གཏོང་བར་ཁག་ཐེག་བྱེད་པའི་དུས་མཚུངས་སུ་དངུལ་གཏོང་བསྒྱུར་བཅོས་བྱས་ནས་སྲིད་གཞུང་གི་བུ་ལོན་ལ་ཉུང་བརྟེན་བྱེད་པའི་རྒྱུན་མཐུད་རང་བཞིན་གྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་རྒྱུ་རེད།

སྙན་ཞུ་ནང་བཤད་རྒྱུར། དར་རྒྱས་ཆེ་བའི་དཔལ་འབྱོར་སྒྲིག་གཞིའི་དཔལ་འབྱོར་འཕར་ཚད་ལ་ཤན་ཤུགས་ཆེན་པོ་ཐེབས་མེད་སྟབས་ཀྲུང་གོའི་དཔལ་འབྱོར་སླར་གསོ་བྱེད་ཚད་སྔོན་དཔག་བྱས་པ་ལས་ཅུང་བཟང་བ་རེད། 2020ལོའི་གོ་ལ་ཧྲིལ་བོའི་དཔལ་འབྱོར་དེ་སྔོན་སྔོན་དཔག་བྱས་པ་ལས་ཅུང་དམའ་ཞིང་། སྔོན་དཔག་བྱས་ན2020ལོར་དར་རྒྱས་ཆེ་བའི་དཔལ་འབྱོར་སྒྲིག་གཞིའི་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་སྒྲིག་གཞི་ཡི་དཔལ་འབྱོར5.4%དང2.6%ཇེ་ཉུང་དུ་ཕྱིན་ཡོད། དེའི་ཁྲོད་ཨ་མེ་རི་ཁའི་དཔལ་འབྱོར3.6%ཇེ་ཉུང་དུ་ཕྱིན་ལ་ཀྲུང་གོའི་དཔལ་འབྱོར2%ཡར་འཕར་རྒྱུའི་རེ་བ་ཡོད། སྔོན་དཔག་བྱས་ན2021ལོར་དར་རྒྱས་ཆེ་བའི་དཔལ་འབྱོར་སྒྲིག་གཞིའི་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་སྒྲིག་གཞི་ཡི་དཔལ་འབྱོར3.3%དང5%ཇེ་མཐོར་འགྲོ་རྒྱུ་ཡིན་པ་དང་དེའི་ཁྲོད་ཨ་མེ་རི་ཁ་དང་ཡོ་སྒོར་ས་ཁུལ་གྱི་དཔལ་འབྱོར3.5%དང3.6%འཕར་རྒྱུ་དང་ཀྲུང་གོའི་དཔལ་འབྱོར7.9%འཕར་རྒྱུའི་རེ་བ་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།