ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཞི་ཁོ་ཡིས་ཨ་སིང་ཆི་ལ་ཆབ་སྲིད་འགེབས་སྲུང་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཞི་ཉིན། མའོ་ཞི་ཁོ་ཡི་ཙུང་ཐུང་ལོ་ཕའེ་སི་ཡིས་བསྟན་དོན། མའོ་ཞི་ཁོ་ཡིས་ཝེ་ཅིའི་གསང་བརྟོལ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན་ཨ་སིང་ཆི་ལ་ཆབ་སྲིད་འགེབས་སྲུང་བྱེད་འདོད་ཡོད། 

ལོ་ཕའེ་སི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། དབྱིན་ཇིའི་ཁྲིམས་ཁང་གིས་ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་སིང་ཆི་ཕྱིར་ཁྲིད་དང་ལེན་མ་བྱས་པ་ནི་དྲང་བདེན་གྱི་རྒྱལ་ཁ་ཞིག་རེད། མའོ་ཞི་ཁོ་ཕྱོགས་ཀྱིས་དབྱིན་ཇིའི་སྲིད་གཞུང་ལ་རེ་ཞུ་བཏོན་ནས། ཨ་སིང་ཆི་ལ་རང་དབང་ཐོབ་ཏུ་འཇུག་པའི་གྲོས་གཞི་འདོན་རྒྱུ་ཡིན་པ་དང་། མའོ་ཞི་ཁོ་སྲིད་གཞུང་གིས་ཨ་སིང་ཆི་ལ་ཆབ་སྲིད་འགེབས་སྲུང་བྱེད་འདོད་ཡོད། 

དབྱིན་ཇིའི་ལོན་ཏོན་ཀྲུང་དབྱང་ཉེས་དོན་ཁྲིམས་ཁང་གིས་ཚེས་བཞི་ཉིན་ཆོད་དོན་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཨ་སིང་ཆི་ཕྱིར་ཁྲིད་བྱེད་པར་ཡིད་འཐད་མ་བྱུང་བ་དང་། རྒྱུ་མཚན་ནི་ཨ་སིང་ཆི་ལ་སེམས་ཁམས་བདེ་ཐང་གི་གནད་དོན་ཡོད་པས་རེད། 

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡི་མགྲིན་ཚབ་པ་ཞིག་གིས་ཉིན་དེར་དབྱིན་ཇིའི་ཁྲིམས་ཁང་གི་ཆོད་དོན་མཇུག་འབྲས་ལ་ཡིད་འཕང་བའི་ཚུལ་བསྟན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་ཨ་སིང་ཆི་ཕྱིར་ཁྲིད་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན། མའོ་ཞི་ཁོ་ཡིས་ཨ་སིང་ཆི་ལ་ཆབ་སྲིད་འགེབས་སྲུང་བྱེད་འདོད་ཡོད་པའི་ཐད་ནས་ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡིས་དཔྱད་འཇོག་གང་ཡང་བྱས་མེད། 

ཨ་སིང་ཆི་ཡིས་ཉིས་སྟོང་དྲུག་ལོར་ཝེ་ཅིའི་གསང་བརྟོལ་དྲ་ཚིགས་གསར་འཛུགས་བྱས་པ་དང་། ཉིས་སྟོང་བཅུ་ལོར་དྲ་ཚིགས་དེས་ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་དང་དབྱི་རག་འཐབ་འཁྲུག་ལ་འབྲེལ་བའི་གསང་བའི་ཡིག་ཆ་མང་བོ་ཁྱབ་སྒྲོག་བྱས་ཏེ། ཨ་མེ་རི་ཁའི་ཕྱི་འབྲེལ་སྣང་བརྙན་ལ་ཆམ་ཕབ་དྲག་པོ་བཏང་བ་རེད། 

ཨ་མེ་རི་ཁས་ཝེ་ཅིའི་གསང་བརྟོལ་དྲ་ཚིགས་ཀྱིས་ཨ་མེ་རི་ཁར་འབྲེལ་བའི་གསང་བའི་ཡིག་ཆ་ཁྱབ་སྒྲོག་བྱས་ཏེ་མི་གཞན་པའི་ཚེ་སྲོག་བདེ་འཇགས་ལ་གནོད་པ་བཏང་བ་རྒྱུ་མཚན་དུ་བྱས་ནས། ཨ་སིང་ཆི་ཕྱིར་ཁྲིད་བྱེད་རྒྱུའི་རེ་བ་བཏོན། དབྱིན་ཇིའི་ས་གནས་ཁྲིམས་ཁང་གིས་ན་ནིང་གི་ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན་ནས་བཟུང་ཕྱིར་ཁྲིད་གྱོད་དོན་དེར་གྲོས་ཞིབ་བྱས། ཨ་མེ་རི་ཁའི་ཁྲིམས་རྩོད་པས་བསྟན་དོན། གལ་ཏེ་དབྱིན་ཇིའི་ཁྲིམས་ཁང་གིས་ཕྱིར་ཁྲིད་དང་ལེན་མ་བྱས་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་ཞུ་གཏུག་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།