ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱི་འབར་རྫས་མཛོད་ཁང་ཞིག་འགས་གཏོར་བྱུང་སྟེ་མི་བཅུར་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་གསུམ་ཉིན། ལེ་པཱ་ནུན་གྱི་སི་རི་ཡཱ་དང་ཉེ་བའི་མཐའ་མཚམས་ཀྱི་འབར་རྫས་མཛོད་ཁང་ཞིག་འགས་གཏོར་བྱུང་སྟེ། ཉུང་མཐར་ཡང་མི་བཅུར་རྨས་ཕོག 

ལེ་པཱ་ནུན་གྱི་རྒྱ་གྲམ་དམར་པོ་ཚོགས་པའི་དྲུང་ཡིག་ཆེན་མོ་ཁཱ་ཐཱ་ནཱ་ཡིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ལེ་པཱ་ནུན་ཤར་ཕྱོགས་ཀྱི་ཞེ་ཨར་མུས་ལེ་ས་ཁུལ་གྱི་ཀའེ་སི་ཨར་གྲོང་རྡལ་གྱི་འབར་རྫས་མཛོད་ཁང་ཞིག་ནས་བྱུང་བ་དང་། འགས་གཏོར་ལས་མེ་སྐྱོན་ཆེན་པོ་བྱུང་སྟེ་ཉུང་མཐར་ཡང་མི་བཅུར་རྨས་ཕོག རྒྱ་གྲམ་དམར་པོ་ཚོགས་པས་དོན་རྐྱེན་བྱུང་སའི་གནས་སུ་རྒུད་སྐྱོབ་མི་སྣ་མངག་གཏོང་བྱས་པ་དང་། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 

བསྒྲགས་པ་ལྟར་ན། ལེ་པཱ་ནུན་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་འབར་རྫས་ལྐོག་འཚོང་བྱེད་པའི་གནས་ཚུལ་ཅུང་ཚབས་ཆེན་ཡིན་པ་དང་། འགས་གཏོར་བྱུང་བའི་འབར་རྫས་མཛོད་ཁང་དེ་ནི་མི་སྒེར་ཞིག་ལ་དབང་བ་རེད། 

མིག་སྔར་འགས་གཏོར་དོན་རྐྱེན་དེའི་འབྱུང་རྐྱེན་གསལ་བོར་མི་ཤེས་པ་དང་ས་དེའི་འབྲེལ་ཡོད་ལས་ཁུངས་ཀྱིས་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།