ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་གོ་ནས་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་སེར་དཀྱུས་མ་ཉེར་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁོང་གོའི་ས་གནས་དཔོན་རིགས་ཀྱིས་ཟླ་དང་པོའི་ཚེས་གཅིག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཤར་ས་ཁུལ་དུ་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་སེར་དཀྱུས་མ་ཉེར་དྲུག་འཇབ་རྒོལ་དེའི་ཁྲོད་རྐྱེན་ལམ་དུ་ཤོར། 

ཅི་ཝུའུ་བྱང་མ་ཞིང་ཆེན་གྱི་དཔོན་རིགས་ཀྱིས་བཤད་རྒྱུར། པེ་ནེ་ས་ཁུལ་གྱི་སྡེ་བ་ཞིག་གི་ཉེ་འདབས་སུ་ཝུ་ཀན་ཏཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་དམངས་གཙོ་མནའ་མཐུན་དམག་དཔུང་གི་འཇབ་རྒོལ་ཐེབས་ཏེ། མི་སེར་དཀྱུས་མ་དེ་དག་རྐྱེན་ལམ་དུ་ཤོར་བ་རེད། དེ་ལས་གཞན་དམངས་གཙོ་མནའ་མཐུན་དམག་དཔུང་གིས་ཐེངས་མང་བོར་དམག་ཕྱོགས་ལ་འཇབ་རྒོལ་བྱས་པ་རེད། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་པེ་ནེ་ས་ཁུལ་གྱི་དམག་སྒར་ཞིག་ལ་འཇབ་རྒོལ་བྱས་ནས། དམག་མི་བཅུ་བདུན་རྐྱེན་ལམ་དུ་ཤོར། 

ཝུ་ཀན་ཏཱའི་དམངས་གཙོ་མནའ་མཐུན་དམག་དཔུང་དེ་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བའི་རྗེས་སུ་ཝུ་ཀན་ཏཱའི་སྲིད་གཞུང་གིས་སྐོར་བཅོམ་བྱས་རྗེས། ཁོང་གོའི་ཤར་ཕྱོགས་ས་ཁུལ་དུ་བྲོས་བྱོལ་བྱས་ནས་ད་ལྟའི་བར་གནས་དེར་འགུལ་སྐྱོད་བྱེད་བཞིན་ཡོད་པ་རེད། ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་ཡང་བསྐྱར་འགུལ་སྐྱོད་ཇེ་མང་དུ་སོང་། ཝུ་ཀན་ཏཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་བ་ལས་གཞན། དམངས་གཙོ་མནའ་མཐུན་དམག་དཔུང་གིས་དུས་རྒྱུན་ས་གནས་མང་ཚོགས་དང་ཁོང་གོའི་བདེ་འཇགས་དམག་དཔུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་བཅས་ལ་འཇབ་རྒོལ་བྱེད་བཞིན་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།