ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱིས་པེད་ཏིན་ཀྱིས་ལས་འགན་མ་ཁུར་གོང་ཨ་མེ་རི་ཁར་སྡོད་པའི་གཞུང་ཚབ་ཆེན་མོ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་ཧན་གོར་སྡོད་པའི་སྔོན་ཆད་ཀྱི་གཞུང་ཚབ་ཆེན་མོ་ཧྥུའུ་ཐེན་ཧའོ་ཟི་ཨ་མེ་རི་ཁར་སྡོད་པའི་གཞུང་ཚབ་ཆེན་མོར་བསྐོ་འཇོག་བྱས་པ་དང་། ཉིན་དེ་ནས་བཟུང་བསྐོ་འཇོག་དེ་ནུས་ལྡན་དུ་གྱུར། བསྐོ་འཇོག་བྱ་བ་དེ་ཨ་མེ་རི་ཁའི་གསར་དུ་བདམས་པའི་ཙུང་ཐུང་པེད་ཏིན་གྱིས་ཟླ་རྗེས་མར་ལས་འགན་མ་ཁུར་གོང་དུ་མྱུར་མོར་སྤེལ་བ་རེད། 

འཇར་པན་གྱི་ཞོགས་པའི་གསར་འགྱུར་ལས་བཤད་རྒྱུར། རྒྱུན་སྲོལ་དང་མི་འདྲ་བར། གསར་དུ་བསྐོ་འཇོག་བྱས་པའི་ཨ་མེ་རི་ཁར་སྡོད་པའི་གཞུང་ཚབ་ཆེན་མོ་དེ་པུའུ་ཀྲང་གཞོན་པ་རིམ་པའི་ཕྱི་འབྲེལ་ལས་དོན་གྱི་དཔོན་པོ་གཞོན་པ་དང་ཕྱི་དོན་གྲོས་ཞིབ་དཔོན་པོའི་འགན་ཁུར་མྱོང་མེད། བྱ་སྤྱོད་དེ་ནི་རྒྱུན་ལྡན་ཞིག་མ་རེད། ད་ལྟའི་ཨ་མེ་རི་ཁར་སྡོད་པའི་གཞུང་ཚབ་ཆེན་མོ་ཧྲན་ཧྲན་ཅིན་ཧྥུའུ་ཡིས་ཕྱི་འབྲེལ་ལས་དོན་གྱི་དཔོན་པོ་གཞོན་པའི་འགན་ཁུར་མྱོང་ཟེར། 

པེད་ཏིན་གྱིས་ཨོ་པཱ་མཱ་སྲིད་གཞུང་དུ་ཙུང་ཐུང་གཞོན་པའི་འགན་ཁུར་སྐབས། ཧྥུའུ་ཐེན་ཧའོ་ཟི་ཡིས་ཨ་མེ་རི་ཁར་སྡོད་པའི་གཞུང་ཚབ་ཁང་གི་གཞུང་ཚབ་པ་སོགས་ཀྱི་འགན་ཁུར་མྱོང་བ་དང་། དམངས་གཙོ་ཏང་ནང་ཁུལ་དུ་མི་འབྲེལ་ཆགས་ཡོད་པ་རེད། ཐུན་མོང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧྥུའུ་ཐེན་ཧའོ་ཟི་དང་པེད་ཏིན་གྱི་ལག་རོགས་པའི་འབྲེལ་བ་བཟང་བ་རེད། ཞོགས་པའི་གསར་འགྱུར་གྱིས་དབྱེ་ཞིབ་བྱས་པ་ལྟར་ན། སྲིད་གཞུང་གིས་ཧྥུའུ་ཐེན་ཧའོ་ཟི་ལ་ཨ་མེ་རི་ཁར་སྡོད་པའི་གཞུང་ཚབ་ཆེན་མོའི་འགན་ཁུར་དུ་བཅུག་པ་ནི་ཁྱད་སྟོབས་དེར་དམིགས་པ་ཡིན་ལ། གང་མགྱོགས་སྒོས་རྩ་འཛུགས་བྱེད་བཞིན་པའི་པེད་ཏིན་སྲིད་གཞུང་བར་འབྲེལ་བ་འཛུགས་རྒྱུ་རེད་ཟེར། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།