ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་པཱ་ཀ་ཏཱའི་གྲོང་ཁྱེར་ལྟེ་གནས་སུ་མེ་ཤུགས་འཕུར་མདའ་འགའི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་གྲོང་ཁྱེར་ལྟེ་གནས་སུ་ཉིན་དེའི་དགོང་མོར་མེ་ཤུགས་འཕུར་མདའ་འགའི་འཇབ་རྒོལ་ཐེབས། དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་མཁའ་སྲུངམ་ལག་བཀོལ་ནས་མེ་ཤུགས་འཕུར་མདའ་ལ་བཀག་འགོག་བྱས་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་པཱ་ཀ་ཏཱའི་ཤར་ལྷོའི་ས་ཁུལ་ནས་པཱ་ཀ་ཏཱའི་གྲོང་ཁྱེར་ལྟེ་གནས་སུ་མེ་ཤུགས་འཕུར་མདའ་འགའ་གཏོང་འཕེན་བྱས་ཏེ། གྲོང་ཁྱེར་ལྟེ་གནས་ཀྱི་ཐོག་ཁང་སྐོར་ཞིག་དང་རླངས་འཁོར་རེ་འགར་ཕོག་ཀྱང་མི་རྣས་ཤི་རྨས་བཟོས་མེད་ཟེར། 

དབྱི་རག་ནང་སྲིད་པུའུ་ཡི་དཔོན་པོ་ཞིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་མཁའ་སྲུང་མ་ལག་གིས་ཉིན་དེའི་དགོང་མོར་མེ་ཤུགས་འཕུར་མདའ་བཞི་བཀག་ནས་གཏོར་བ་དང་། གཞན་ཡང་མེ་ཤུགས་འཕུར་མདའ་གཅིག་པཱ་ཀ་ཏཱའི་གྲོང་ཁྱེར་ལྟེ་གནས་ཀྱི་དམག་དོན་སྒྲིག་ཆས་ཤིག་ལ་ཕོག་པ་རེད་ཟེར། 

དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། གཞུང་ཚབ་ཁང་གི་འགོག་སྲུང་མ་ལག་གིས་མེ་ཤུགས་འཕུར་མདའི་འཇབ་རྒོལ་ལ་ཐེ་གཏོགས་བྱས་པ་དང་། འཇབ་རྒོལ་ལས་གཞུང་ཚབ་ཁང་གི་སྒྲིག་ཆས་སྐོར་ཞིག་ལ་གཏོར་བརླག་ངེས་ཅན་ཐེབས་ཡོད་ཀྱང་། མི་སྣར་ཤི་རྨས་ཐེབས་མེད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།