ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་གཞོན་པས་ལེ་པཱ་ནུན་ལ་རོགས་རམ་བྱས་ནས་ཉམས་ཉེན་ལས་ཐར་དུ་འཇུག་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲ་ཅི་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ལེ་པཱ་ནུན་ལ་རོགས་རམ་བྱས་ཏེ་ཉམས་ཉེན་ལས་ཐར་དུ་འཇུག་འདོད་ཡོད་ཟེར། 

ཀྲ་ཅི་ཡིས་ཚེས་བཅུ་བདུན་ཉིན་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ལ་འཚམས་འདྲི་བྱས་པ་དང་། སོ་སོར་ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་དང་ཙུང་ལི་གསར་བ་ཧཱ་ལི་ལི་གཉིས་དང་གྲོས་མོལ་བྱས། 

ཀྲ་ཅི་ཡིས་བསྟན་དོན། ཁོའི་ཐེངས་འདིའི་འགྲུལ་བཞུད་ཀྱི་དམིགས་ཡུལ་ནི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡི་ངག་བཅོལ་ལྟར། ལེ་པཱ་ནུན་གྱི་ཆབ་སྲིད་གནས་བབ་དང་སྲིད་གཞུང་གི་ནེ་ཀིའི་རྩ་འཛུགས། ལེ་པཱ་ནུན་མི་དམངས་ཀྱི་མདུན་དུ་ལྷགས་པའི་དཀའ་ཁག་བཅས་འདུས་པའི་མིག་སྔའི་གནས་བབ་ལ་རྒྱུས་ལོན་དང་དཔྱད་འཇོག་བྱེད་པའི་ཆེད་དུ་ཡིན་ཟེར། ཁོས་བཤད་རྒྱུར། ལེ་པཱ་ནུན་མི་དམངས་ཀྱིས་གནོན་ཤུགས་ཆེན་པོ་མྱོང་བཞིན་ཡོད་པ་དང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ལེ་པཱ་ནུན་ཉམས་ཉེན་ལས་ཐར་བའི་ཆེད་དུ་རོགས་རམ་བྱེད་འདོད་ཡོད་ཟེར། 

ཨོ་ཨིན་གྱིས་བཤད་རྒྱུར། ཨ་རབ་རྒྱལ་ཁབ་དག་གིས་ལེ་པཱ་ནུན་ལ་རོགས་རམ་བྱས་ཏེ་མིག་སྔའི་དཀའ་ཁག་ལས་ཐར་དུ་འཇུག་པའི་འགན་འཁྲི་ཡོད། ལེ་པཱ་ནུན་གྱིས་ཨ་རབ་ལས་དོན་དང་ཁྱད་པར་དུ་ལེ་པཱ་ནུན་གྱི་ལས་དོན་ཆེད་དུ་དཀའ་སྡུག་མང་བོ་མྱངས་ཡོད་ཟེར། 

ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་ཐེངས་གཉིས་པ་བརྙན་རིས་ཀྱི་ལམ་ནས་སྤེལ། ཨོ་ཨིན་གྱིས་ཚོགས་ཐོག་ནས་བསྟན་དོན། མིག་སྔར་ལེ་པཱ་ནུན་གྱི་དཔལ་འབྱོར་དཀའ་ཁག་ལ་འཕྲད་ཡོད་ཅིང་། པེ་རུ་ཐི་གྲུ་ཁ་ས་ཁུལ་གྱི་འགས་གཏོར་དོན་རྐྱེན་དང་པྲོག་གསར་གློ་ཚད་རིམས་ནད་ཀྱིས་མི་དམངས་ཀྱི་འཚོ་བ་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་ལ་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།