ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་མནའ་འབྲེལ་མཐོ་རིམ་གླེང་སྟེགས་ཀྱིས་དཔལ་འབྱོར་སླར་གསོའི་འཆར་གཞི་དོན་འཁྱོལ་བྱ་རྒྱུའི་ཐད་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བཅུ་ཉིན། ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཉེར་བདུན་གྱི་འགོ་ཁྲིད་པས་པུའུ་ལུའུ་སེར་མཐོ་རིམ་གླེང་སྟེགས་བསྡུས་ནས། ཉེ་སྔོན་གཏན་འབེབས་བྱས་པའི་དཔལ་འབྱོར་སླར་གསོའི་འཆར་གཞི་རབ་དང་རིམ་པ་དོན་འཁྱོལ་བྱ་རྒྱུའི་ཐད་གྲོས་མཐུན་བཀོད།

ཡོ་རོབ་མནའ་འབྲེལ་གྱིས་ད་ལོའི་ཟླ་བདུན་པར་བསྡོམས་འབོར་ཡོ་སྒོར་དུང་ཕྱུར་ཁྲི་གཅིག་དང་སྟོང་བརྒྱད་ལྷག་ཙམ་གྱི་དཔལ་འབྱོར་སླར་གསོའི་འཆར་གཞི་བཏོན་ཡོད་ཅིང་། དེའི་ནང་ཡོ་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་གི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་གྱི་ཡུན་རིང་སྔོན་རྩིས་དང་ཡོ་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་གི་སླར་གསོའི་ཐེབས་རྩ་འདུས་ཡོད་ལ། གོང་གསལ་འཆར་གཞི་འདི་ནི་མིག་སྔའི་བར་ཡོ་རོབ་མནའ་འབྲེལ་གྱི་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་དཔལ་འབྱོར་སྐུལ་འདེད་ཇུས་གཞི་ཞིག་རེད།

ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཞེར་གྱིས་ཉིན་དེའི་དགོང་མོ་སྤྱི་ཚོགས་འབྲེལ་གཏུག་སྨྱན་སྦྱོར་ཐུའེ་ཐི་བརྒྱུད་དེ། ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པས་ཉིན་དེར་མཐོ་རིམ་གླེང་སྟེགས་སྟེང་དུ། ལོ་མང་རིང་གི་ནོར་སྲིད་སྒྲོམ་གཞི་དང་སླར་གསོ་ཐེབས་རྩར་གྲོས་མཐུན་བཀོད་པ་དང་། དཔལ་འབྱོར་སླར་གསོའི་འཆར་གཞི་དངོས་སུ་དོན་འཁྱོལ་བྱེད་འགོ་བརྩམས་པར་མ་ཟད། འཆར་གཞི་འདིས་ཡོ་རོབ་མནའ་འབྲེལ་གྱི་དཔལ་འབྱོར་སླར་གསོ་ཡོང་བའི་རེ་བ་བཅངས་ཡོད་ཟེར།

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕེང་ཏེ་ལའེ་ཨེན་གྱིས་བཤད་རྒྱུར། དཔལ་འབྱོར་སླར་གསོའི་འཆར་གཞིས་ཡོ་རོབ་མནའ་འབྲེལ་གྱི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྒུལ་ཤུགས་མཁོ་འདོན་བྱེད་རྒྱུ་མ་ཟད། སྔར་ལས་གསོན་ཉམས་ལྡན་པ་དང་སྔར་ལས་ལྗང་མདོག་ལྡན་པ། སྔར་ལས་གཞི་གྲངས་ཅན་བཅས་ཀྱི་ཡོ་རོབ་མནའ་འབྲེལ་ཞིག་འཛུགས་རྒྱུར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།