ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཐོག་དང་པོར་རེ་ཞུ་བྱས་པའི་ལས་ཤོར་རྒུད་སྐྱོབ་མི་གྲངས་འབུམ་བརྒྱད་དང་ཁྲི་ལྔ་ལྷག་ལ་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། ཨ་མེ་རི་ཁའི་ངལ་རྩོལ་བཟོ་བའི་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དུས་ཚིགས་རང་བཞིན་ལ་སྙོམས་སྒྲིག་བྱས་རྗེས། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་བར་གྱི་གཟའ་འཁོར་གཅིག་རིང་ལ། ཨ་མེ་རི་ཁས་ཐོག་དང་པོར་རེ་ཞུ་བྱས་པའི་ལས་ཤོར་རྒུད་སྐྱོབ་མི་གྲངས་འབུམ་བརྒྱད་དང་ཁྲི་ལྔ་ལྷག་ལ་འཕར་སྣོན་བྱུང་ཞིང་། ཟླ་དགུ་བའི་ཟླ་དཀྱིལ་གྱི་ཚུན་ལ་འཕར་རིན་ཆེས་མཐོ་ཤོས་བསྐྲུན་པ་དང་། དེ་ལས་པྲོག་གསར་གློ་ཚད་རིམས་ནད་བསྐྱར་འཕར་བྱུང་བའི་རྒྱབ་ལྗོངས་འོག་ཏུ་ཨ་མེ་རི་ཁའི་ལས་ཞུགས་ཚོང་ར་སླར་གསོ་བྱེད་པར་བར་ཆད་བཟོས་པ་མཚོན་པར་བྱས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་བར་གྱི་གཟའ་འཁོར་གཅིག་གི་རིང་ལ།  ཨ་མེ་རི་ཁས་ཐེངས་དང་པོར་རེ་ཞུ་བྱས་པའི་ལས་ཤོར་རྒུད་སྐྱོབ་མི་གྲངས་ཟླ་སྔོན་མའི་དུས་མཉམ་དང་བསྡུར་ན་མི་འབུམ་གཅིག་དང་ཁྲི་གསུམ་ལྷག་འཕར་སྣོན་བྱུང་ཞིང་དེའི་ནང་དུ་ཅ་ལི་ཧྥུའུ་ཉི་ཡ་ཀྲིག་དང་ཏི་ཁི་ས་སི་ཀྲིག་སོགས་རིམས་ནད་ཚབས་ཆེན་ཡིན་པའི་ཀྲིག་ཏུ་ལས་ཤོར་རྒུད་སྐྱོབ་མི་གྲངས་འཕར་བ་ཧ་ཅང་མངོན་གསལ་རེད།  དེ་ལས་གཞན་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་བར་གྱི་གཟའ་འཁོར་གཅིག་རིང་ལ། ཨ་མེ་རི་ཁ་རྒྱལ་ཡོངས་སུ་རེ་ཞུ་བྱས་པའི་ལས་ཤོར་རྒུད་སྐྱོབ་མི་གྲངས་ཟླ་སྔོན་མའི་དུས་མཉམ་དང་བསྡུར་ན་མི་གྲངས་འབུམ་གཉིས་དང་ཁྲི་གསུམ་ནས་ས་ཡ་ལྔ་དང་འབུམ་བདུན་ཁྲི་ལྔ་ལྷག་ལ་འཕར་སྣོན་བྱུང་།

དབྱེ་ཞིབ་མི་སྣས་བལྟས་ན། རིམས་ནད་བསྐྱར་འཕར་བྱུང་བ་ནི་ལས་ཤོར་རྒུད་སྐྱོབ་རེ་ཞུ་བྱེད་མཁན་ཇེ་མང་དུ་སོང་བའི་རྒྱུ་རྐྱེན་གཙོ་བོ་རེད། ཟླ་བཅུ་གཅིག་པའི་ཟླ་སྟོད་ཀྱི་ཚུན་ལ། ཨ་མེ་རི་ཁ་རུ་པྲོག་གསར་གློ་ཚད་རིམས་ལ་ངོས་བཟུང་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཀྲིག་དང་ས་གནས་སྲིད་གཞུང་ཁ་ཤས་ཀྱིས་ཁྱིམ་སྡོད་བཀའ་རྒྱ་ཡང་བསྐྱར་བསྒྲགས་པ་དང་ཡང་ན་དཔལ་འབྱོར་བྱ་འགུལ་སྤེལ་བར་ཚོད་འཛིན་ལག་བསྟར་བྱས་པས། ཁེ་ལས་མི་ཉུང་བ་ཞིག་གིས་ཡང་བསྐྱར་སྒོ་བརྒྱབ་པ་དང་ལས་ཤོར་མི་གྲངས་ཀྱང་འཕར་སྣོན་བྱུང་བར་སྙམ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།