ཀྲུང་གོ་བོད་ཀྱི་དྲ་བ།

རོ་མ་ནི་ཡས་གྲོས་ཁང་གི་འདེམ་བསྐོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རོ་མ་ནི་ཡའི་གྲོས་ཁང་གི་སྐབས་བརྗེ་འདེམ་བསྐོ་ས་དེའི་ཚེས་དྲུག་ཉིན་གྱི་དུས་ཚོད་བདུན་སྟེང་དངོས་སུ་བསྡུ་འགོ་བརྩམས། རྒྱལ་ཡོངས་ཀྱི་འདེམ་དམངས་སྟོང་གཅིག་དང་བརྒྱད་བརྒྱས་འདེམ་ཤོག་འཕངས་ནས་སྐབས་དང་པོའི་གྲོས་ཁང་གོང་མ་དང་གྲོས་ཁང་གཉིས་ཀྱི་གྲོས་མི་འདེམ་བསྐོ་བྱེད་རྒྱུ་རེད།

རོ་མ་ནི་ཡའི་གྲོས་ཁང་དེ་གྲོས་ཁང་གོང་མ་དང་གྲོས་ཁང་ཞོལ་མ་གཉིས་ཀྱི་གྲོས་མི་བཞི་བརྒྱ་དང་རེ་ལྔས་གྲུབ་ལ། དེའི་ཁྲོད་གྲོས་ཁང་གོང་མ་རུ་གྲོས་མི་བརྒྱ་དང་སོ་དྲུག་ཡོད་པ་དང་། གྲོས་ཁང་ཞོལ་མར་གྲོས་མི་སུམ་བརྒྱ་དང་ཉེར་དགུ་ཡོད། རོ་མ་ནི་ཡའི་ཀྲུང་དབྱང་འདེམ་བསྐོ་གཞུང་སྒྲུབ་ཁང་གིས་བསྒྲགས་པའི་གཞི་གྲངས་ལྟར་ན། བསྡོམས་པས་འདེམ་སྒུག་མི་སྣ་སྟོང་བདུན་བརྒྱ་དང་སོ་དྲུག་སྐབས་གསར་བའི་གྲོས་ཁང་གི་གྲོས་མི་འདེམ་བསྐོ་ལ་ཞུགས་ཡོད།

ཐེངས་འདིའི་འདེམ་བསྐོས་རོ་མ་ནི་ཡའི་རྒྱལ་ནང་དུ་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་སྟོང་བརྒྱད་བརྒྱད་བརྒྱ་དང་གཉིས་དང་རྒྱལ་ཕྱི་རུ་འདེམ་ཤོག་འཕེན་ས་བདུན་བརྒྱ་དང་ཞེ་བརྒྱད་བཙུགས་ཡོད། རོ་མ་ནི་ཡའི་རྒྱལ་ནང་ནས་ཚེས་དྲུག་ཉིན་གྱི་དུས་ཚོད་བདུན་གྱི་སྟེང་འདེམ་ཤོག་འཕེན་འགོ་བརྩམས་ནས་དགོང་མོའི་དུས་ཚོད་དགུའི་སྟེང་མཇུག་བསྒྲིལ་ལ། ཕྱི་རྒྱལ་དུ་ཐོ་འགོད་བྱས་པའི་འདེམ་དམངས་ཀྱིས་ས་དེའི་ཚེས་ལྔ་ཉིན་དང་ཡང་ན་ཚེས་དྲུག་ཉིན་ལ་འདེམ་ཤོག་ས་ཚིགས་སུ་སོང་ནས་འདེམ་ཤོག་འཕང་ཆོག

རོ་མ་ནི་ཡའི་སྲིད་གཞུང་གིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། འདེམ་ཤོག་འཕེན་པའི་དབང་ཆ་ཡོད་པའི་སྤྱི་དམངས་ཀྱིས་ཚེས་དྲུག་ཉིན་གྱི་དུས་ཚོད་ལྔ་ནས་ཚེས་བདུན་ཉིན་གྱི་དུས་ཚོད་གཅིག་བར་ཕྱིར་བགྲོད་ལ་ཚོད་འགོག་མི་བྱེད་པ་དང་། ཁྱིམ་དུ་ལོགས་བཀར་བྱས་ཡོད་པའི་མི་དང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པས་འཁོར་རྒྱུག་འདེམ་ཤོག་འཕེན་སྒམ་དུ་འདེམ་ཤོག་འཕང་ཆོག སྡོད་དམངས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། འདེམ་ཤོག་ས་ཚིགས་ཚང་མར་འབྲེལ་ཡོད་དུག་སེལ་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་དང་། མི་ཚང་མས་ངེས་པར་དུ་ཁ་ཐུམ་རྒྱག་པ་དང་བར་ཐག་འཇོག་པ་སོགས་རིམས་འགོག་གཏན་ཁེལ་བརྩི་སྲུང་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།