ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་དུ་རླངས་འཁོར་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་ནས་མི32རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས29ཉིན་ར་སྤྲོད་བྱས་དོན། ཨ་ཧྥུའུ་ཧན་ཤར་རྒྱུད་ཅ་ཙི་ཉི་ཞིང་ཆེན་དང་ལྷོ་རྒྱུད་ཁྲ་པུར་ཞིང་ཆེན་དུ་ཉིན་དེར་རླངས་འཁོར་འབར་མདེལ་གྱི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་མི32རྐྱེན་ལམ་དུ་ཤོར་བ་དང་། མི44ལ་རྨས་སྐྱོན་ཕོག

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཐ་ལི་ཁེ·ཨ་ལི་ཨན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲིར་དང་ལེན་བྱེད་སྐབས། ས་གནས་དེ་གའི་དུས་ཚོད་ཚེས29ཉིན་གྱི་སྔ་དྲོའི་ཆུ་ཚོད7དང་སྐར་མ40ཡས་མས་སུ་ཅ་ཙི་ཉི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཅ་ཙི་ཉི་གྲོང་ཁྱེར་གྱི་དམག་སྒར་ཞིག་ལ་རླངས་འཁོར་འབར་མདེལ་གྱི་འཇབ་རྒོལ་ཐེབས་ནས་ཤི་རྨས་ཀྱི་དོན་རྐྱེན་བྱུང་ཞིང་། ཞིབ་ཕྲའི་གནས་ཚུལ་མི་འགྱངས་པར་སྨྱན་སྦྱོར་ཁག་ལ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཚུལ་བསྟན།

ཅ་ཙི་ཉི་ཞིང་ཆེན་སྤྱི་པའི་འཕྲོད་བསྟེན་སྡེ་ཁག་གི་མགྲིན་ཚབ་པ་ཀྲ་ཤིར·ཧྲ་ཨ་·ཉི་ཁེ་མཱ་ལེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཅ་ཙི་ཉི་གྲོང་ཁྱེར་དུ་འབར་གས་བྱུང་བའི་རྐྱེན་གྱིས་ཨ་ཧྥུའུ་བདེ་འཇགས་དམག་དཔུང་གི་དམག་མི30རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི21ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།

ཁྲ་པུར་ཞིང་ཆེན་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་ཞི་ཁེ་མ་ཐེ་·ཁོ་ཁྲ་དབྱི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ས་གནས་དེ་གའི་དུས་ཚོད་ཚེས29ཉིན་གྱི་ཞོགས་པར། ཁྲ་པུར་ཞིང་ཆེན་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་དཔོན་ཨ་ཐ·ཀྲན་·ཧ་ཁེ་པ་ཡན་འཁོར་དང་བཅས་པ་བསྡད་ཡོད་པའི་རླངས་འཁོར་ཁྲ་པུར་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁ་ལ་ཐེ་གྲོང་ཁྱེར་དུ་འགྲོ་སྐབས་རླངས་འཁོར་ལ་འབར་མདེལ་གྱི་འཇབ་རྒོལ་ཕོག་ནས་མི2རྐྱེན་ལམ་དུ་ཤོར་ཞིང་། མི23ལ་རྨས་སྐྱོན་ཕོག དེའི་ཁྲོད་འདས་པོ་གཅིག་ནི་ཧ་ཁི་པ་ཡན་གྱི་སྐུ་སྲུང་བ་དང་ཅིག་ཤོས་ནི་ཁོའི་འགྲོ་རོགས་ཡིན་པར་བཤད།

 མིག་སྔར་རྩ་འཛུགས་གང་དང་མི་སུ་ཞིག་གིས་ཀྱང་འཇབ་རྒོལ་གྱི་དོན་རྐྱེན་འདི་གཉིས་བཟོ་མཁན་ཡིན་པ་ཞེས་ཁྱབ་བསྒྲགས་བྱས་མེད། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།