ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པས་ཆབ་སྲིད་ཀྱི་ལམ་ནས་སི་རི་ཡའི་གནད་དོན་ཐག་གཅོད་པའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀུན་ཧྲོང་གིས་ཚེས་ཉེར་ལྔ་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡའི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གནད་དོན་གྱི་བརྙན་རིས་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་དེ། ཕྱོགས་སོ་སོས་ཆབ་སྲིད་ཀྱི་ལམ་ནས་སི་རི་ཡའི་གནད་དོན་ཐག་གཅོད་པའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བཏོན།

ཀུན་ཧྲོང་གིས་བཤད་རྒྱུར། སི་རི་ཡའི་ཉམས་ཉེན་བསྟུད་མར་ལོ་བཅུའི་རིང་ལ་རྒྱུན་བསྲིངས་པ་དང་། སི་རི་ཡའི་གནད་དོན་སྔ་མོ་ནས་ཐག་གཅོད་པ་ནི། སི་རི་ཡའི་མི་དམངས་ཡོངས་ཀྱི་རེ་སྒུག་ཡིན་ལ། ས་ཁུལ་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན། ཀྲུང་གོས་བལྟས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་སོགས་ཁྱབ་ཁོངས་སོ་སོར་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཕྱོགས་ཡོངས་ནས་ཕྱོགས་བསྡུས་ཇུས་བསྟར་བྱས་ཏེ། སི་རི་ཡའི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་མངོན་འགྱུར་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

ཀུན་ཧྲོང་གིས་བཤད་རྒྱུར། ངེས་པར་དུ་ཆབ་སྲིད་ཀྱི་ལམ་ནས་གནད་དོན་ཐག་གཅོད་པའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་སི་རི་ཡའི་མིས་གཙོ་ཁྲིད་བྱེད་པ་དང་། སི་རི་ཡའི་མིར་དབང་བའི་ཆབ་སྲིད་ཀྱི་འཕེལ་རིམ་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། སི་རི་ཡའི་མི་དམངས་ཀྱིས་རང་བདག་གིས་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་གདམ་གསེས་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན། ཀྲུང་གོས་སི་རི་ཡའི་ཕྱོགས་སོ་སོས་གྲོས་མོལ་བརྒྱུད་དུ་འགལ་བ་ཇེ་ཆུང་དུ་བཏང་སྟེ། རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བར་དོན་དངོས་ཀྱི་གོང་འཕེལ་འབྱུང་བར་སྐུལ་འདེད་གཏོང་རྒྱུ་མ་ཟད། ཆ་རྐྱེན་ལྡན་ཚེ་མྱུར་དུ་སྐོར་ཐེངས་རྗེས་མའི་ཚོགས་འདུ་བསྡུ་རྒྱུའི་འབོད་སྐུལ་བཏང་བ་ཡིན། རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བ་ནི་རང་རྐྱ་འཕེར་བ་ཞིག་ཡིན་དགོས་ལ། ཕྱིའི་ཐེ་གཏོགས་ཐེབས་མི་རུང་ཞིང་། སི་རི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོས་དམིགས་བསལ་ཕོ་ཉ་ཕེ་ཀའེ་རུའུ་ཡིས་ཉེ་སྔོན་ས་ཁུལ་གྱི་རྒྱལ་ཁབ་མང་པོར་འཚམས་འདྲི་བྱས་ཏེ། ཆབ་སྲིད་ཐད་ནས་བར་འདུམ་བྱེད་ཤུགས་ཇེ་ཆེར་བཏང་བར་གཟེངས་བསྟོད་བྱེད་བཞིན་ཡོད་ལ། དེ་དང་མཉམ་དུ་ཨ་སི་ཐ་ནའི་འཕེལ་རིམ་དང་འབྲེལ་ཡོད་ས་ཁུལ་གྱི་རྒྱལ་ཁབ་དག་གིས་ནུས་པ་བཟང་པོ་འདོན་པར་སྐུལ་མ་གཏོང་བཞིན་ཡོད་ཟེར།

ཀུན་ཧྲོང་གིས་བཤད་རྒྱུར། ངེས་པར་དུ་སི་རི་ཡའི་མངའ་ཁོངས་ཀྱི་འཇིགས་སྐུལ་རིང་ལུགས་རྩ་གཏོར་གཏོང་དགོས། ཉེ་སྔོན་དབྱི་ཏི་ལེ་པུའུ་ན་ཡོད་པའི་འཇིགས་སྐུལ་སྟོབས་ཤུགས་ཀྱིས་འཇབ་རྒོལ་མང་དུ་བྱས་ཏེ། མི་སེར་དང་གསར་འགོད་པ། སྨན་པ། མི་ཆོས་ལས་དོན་པ་བཅས་བཙན་ཁྲིད་དང་བཀག་ཉར། ཐ་ན་དམར་གསོད་བྱས་ཏེ། སི་རི་ཡའི་ནུབ་བྱང་གི་ལྷིང་འཇགས་ཀྱི་རྣམ་པ་སྤྱི་ལ་གཏོར་བརླགས་ཚབས་ཆེན་བཏང་བ་དང་། སི་རི་ཡ་དང་དབུས་ཤར་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་འཇིགས་སྣང་བཟོས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་ནས། འཇིགས་སྐུལ་ངོ་རྒོལ་མཉམ་ལས་ལ་ཤུགས་སྣོན་པ་དང་། གཅིག་གྱུར་གྱི་ཚད་གཞི་སྤྱད་དེ། སི་རི་ཡའི་མངའ་ཁོངས་ཀྱི་འཇིགས་སྐུལ་རིང་ལུགས་ལ་རྒོལ་རྡུང་དྲག་པོ་བྱས་ནས། སི་རི་ཡའི་ཆབ་སྲིད་འཕེལ་རིམ་ཐད་བདེ་འཇགས་ཀྱི་ཆ་རྐྱེན་བཟང་པོ་བསྐྲུན་དགོས་ཟེར།

ཀུན་ཧྲོང་གིས་བཤད་རྒྱུར། ངེས་པར་དུ་སི་རི་ཡའི་དཔལ་འབྱོར་དང་མི་ཆོས་གནས་བབ་སྟོབས་ཤུགས་ཡོད་རྒུས་ལེགས་བཅོས་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སི་རི་ཡའི་གནད་འགག་གི་རྨང་གཞིའི་སྒྲིག་བཀོད་བསྐྱར་འཛུགས་དང་། གཞི་རྩའི་དམངས་འཚོ་འགན་སྲུང་། པྲོག་གསར་གློ་ཚད་འགོག་རྒོལ་བཅས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། དེ་སི་རི་ཡའི་ཡུལ་གྱར་པ་ཕྱིར་རང་ཁྱིམ་དུ་ལོག་པར་ཕན་པ་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་རྒྱལ་ཁོངས་བརྒལ་བ་དང་རྒྱལ་མཚམས་བརྒལ་བའི་ལམ་སྲོལ་བརྒྱུད་དེ་མི་ཆོས་རོགས་སྐྱོར་ཀྱི་འགུལ་སྐྱོད་སྤེལ་རྒྱུ་མ་ཟད། སི་རི་ཡའི་སྲིད་གཞུང་གི་ནུས་པ་བཟང་པོ་འདོན་པར་རྒྱབ་སྐྱོར་བྱེད་པ་ཡིན། ཀྲུང་གོས་ཕྱོགས་གཉིས་དང་ཕྱོགས་མང་གི་ཐབས་ལམ་བརྒྱུད་དེ་སི་རི་ཡའི་ཕྱོགས་ལ་ཨ་སྒོར་དུང་ཕྱུར་གཅིག་བྱེ་བ་གསུམ་གྱིས་རོགས་སྐྱོར་བྱས་ཟིན་པ་དང་། མུ་མཐུད་དུ་སི་རི་ཡའི་མི་དམངས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་རྒྱུ་ཡིན་ཟེར།

ཀུན་ཧྲོང་གིས་བཤད་རྒྱུར། ངེས་པར་དུ་སི་རི་ཡར་ཕྱོགས་གཅིག་གིས་བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་མཚམས་འཇོག་དགོས། དེང་སྐབས་སི་རི་ཡར་པྲོག་གསར་གློ་ཚད་ཁྱབ་པའི་གནས་ཚུལ་ཧ་ཅང་ཚབས་ཆེ་བ་དང་། རིམས་འགོག་ཐོན་ཁུངས་དཀོན་ཞིང་། ནད་པ་མྱུར་དུ་ཇེ་མང་ལ་འགྲོ་བཞིན་ཡོད། དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་དང་དམིགས་བསལ་ཕོ་ཉ་ཕེ་ཁའེ་རུའུ་གཉིས་ཀྱིས་ཐེངས་མང་པོར་སི་རི་ཡར་ཕྱོགས་གཅིག་གིས་བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་མྱོང་། ཀྲུང་གོས་ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱིས་འབོད་སྐུལ་དེ་དང་དུ་བླངས་ནས། སི་རི་ཡ་དང་རྒྱལ་ཁབ་གཞན་པར་ཕྱོགས་གཅིག་གིས་བཙན་ཤེད་ཀྱི་བྱེད་ཐབས་སྤྱོད་མཚམས་མྱུར་དུ་འཇོག་རྒྱུའི་འབོད་སྒྲ་ཆེ་རུ་བསྒྲགས་པ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།