ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀི་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་གསུམ་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  མའོ་ལོ་ཀིའི་ནང་སྲིད་པུའུ་ཡིས་ཚེས་ཉེར་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། མའོ་ལོ་ཀིའི་ཀྲུང་དབྱང་ཁྲིམས་འཛིན་རྟོག་ཞིབ་ཅུའུ་ཡིས་ཉིན་དེར་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཨ་ཅཱ་ཏིས་ཨར་ཉེ་འདབས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་མི་གསུམ་འཛིན་བཟུང་བྱས་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། འཛིན་བཟུང་བྱས་པའི་མི་གསུམ་པོའི་ན་ཚོད་ལོ་ཉེར་དྲུག་ནས་ཉེར་བརྒྱད་བར་ཡིན་པ་དང་། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། ཁོ་ཚོས་མེ་མདའ་དང་འགད་རྫས་བཟོ་བར་བཀོལ་པའི་རྒྱུ་ཆ་ཐོབ་པར་བརྩོན་ལེན་བྱེད་བཞིན་ཡོད་ལ། མའོ་ལོ་ཀི་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བའི་འཆར་གཞི་ཡོད་པ་རེད། བདེ་འཇགས་མི་སྣས་འགུལ་སྐྱོད་སྤེལ་སྐབས་གྲི་དང་གློག་རྡུལ་སྒྲིག་ཆས། ཐལ་སྤྱོད་རིང་ལུགས་དྲིལ་སྒྲོག་བྱེད་པའི་དཔེ་ཆ་སོགས་རྩད་ཆོད་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། མའོ་ལོ་ཀིའི་ཁྲིམས་འཛིན་སྡེ་ཁག་གིས་གྱོད་དོན་དེར་ཞིབ་ཏུ་རྟོག་དཔྱོད་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།