ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ནེ་ཀི་ཡིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་ལམ་ཡིག་མེད་པར་གཏོང་བའི་གྲོས་མཐུན་འགོད་པར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན།  དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ནེ་ཀི་ཡིས་ཉིན་དེར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་ལམ་ཡིག་མེད་པར་གཏོང་བའི་གྲོས་མཐུན་འགོད་པར་ཆོག་མཆན་བཀོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་བསྟན་དོན། དེ་ནི་དབྱི་སི་རལ་དང་ཨ་རབ་རྒྱལ་ཁབ་བར་གྱི་ལམ་ཡིག་མེད་པར་བཏང་བའི་གྲོས་མཐུན་ཐོག་མ་ཡིན་པ་དང་། དེ་ཕན་ཚུན་བར་གྱི་གནས་སྐོར་ལ་ཡར་སྐུལ་གཏོང་བར་ཕན་པར་མ་ཟད། རྒྱལ་ཁབ་གཉིས་བར་གྱི་དཔལ་འབྱོར་འབྲེལ་བ་འཕེལ་རྒྱས་དང་དེར་ཤུགས་སྣོན་བྱེད་པར་ཡང་ཕན་ཐོགས་ཡོད་ཟེར། 

དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྲོས་མཐུན་དེར་ཆོག་མཆན་བཀོད་ཡོད། གྲོས་མཐུན་དེར་ཕྱོགས་གཉིས་ཀྱིས་ཆོག་མཆན་བཀོད་རྗེས་ཉིན་སུམ་ཅུའི་རྗེས་སུ་ལག་བསྟར་བྱེད་རྒྱུ་རེད་ཟེར། 

ཨ་མེ་རི་ཁའི་བར་འདུམ་འོག དབྱི་སི་རལ་གྱིས་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁ་དང་པཱ་ལིན་གྱིས་ཨ་མེ་རི་ཁའི་ཕོ་བྲང་དཀར་པོ་ནས་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བའི་གྲོས་མཐུན་བཀོད། ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དཔོན་ཕྱོགས་འཐུས་ཚབ་ཚོགས་པས་དབྱི་སི་རལ་དུ་ཐོག་དང་པོར་དངོས་གཞིའི་འཚམས་འདྲི་བྱས་ཏེ། ཕྱོགས་གཉིས་ཀྱིས་ལམ་ཡིག་མེད་པར་གཏོང་བའི་གྲོས་མཐུན་འགོད་པ་དང་བཅས་པའི་གྲོས་མཐུན་མང་བོ་བཀོད། ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན། དབྱི་སི་རལ་གྱི་ནེ་ཀི་ཡིས་མཇུག་མཐར་དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གྲོས་མཐུན་ལ་ཆོག་མཆན་བཀོད་པ་རེད། 

དབྱི་སི་རལ་གྱིས1979ལོ་དང1994ལོར་སྔ་གཞུག་ཏུ་ཨེ་ཅིབ་དང་ཅོར་ཏན་བར་ཞི་བདེའི་གྲོས་མཐུན་བཀོད་ཡོད་ཀྱང་། རྒྱལ་ཁབ་གཉིས་ཀྱི་བར་ལམ་ཡིག་མེད་པར་གཏོང་བའི་གྲོས་མཐུན་འགོད་ཐུབ་མེད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།