ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས།

    སྤེལ་དུས། : 2020-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་སྒང་དུ་སྟབས་བདེའི་འགས་གཏོར་སྒྲིག་ཆས་རྙེད་རྗེས། ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར་སི་རི་ཡཱའི་ལྷོ་ངོས་ཀྱི་དམག་དོན་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་རེད། 

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་ཀི་ལན་མཐོ་སྒང་ནས་སྟབས་བདེའི་འགས་གཏོར་སྒྲིག་ཆས་འགའ་རྙེད་པ་དང་། འགས་གཏོར་སྒྲིག་ཆས་དེ་དག་ནི་དབྱི་ལིང་དམག་ཕྱོགས་ཀྱིས་མགོ་ཁྲིད་པའི་སི་རི་ཡཱའི་འཐབ་འཛིང་རུ་ཆུང་ཞིག་གིས་སྦས་པ་ཡིན་པར་རློམ་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དེའི་ལན་དུ་དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར་འཐབ་འཛིང་གནམ་གྲུ་མངག་ནས་སི་རི་ཡཱའི་མངའ་ཁོངས་ཀྱི་དབྱི་ལིང་གི་ལྷ་མཁར་སྟོང་ཤོག་དང་སི་རི་ཡཱའི་དམག་དོན་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས། དེའི་ནང་མཛོད་ཁང་དང་དམག་དོན་སྒྲིག་ཆས། སི་རི་ཡཱའི་ས་ངོས་ཀྱི་འཕུར་མདའི་གཡུལ་ས་བཅས་འདུས་པ་རེད། 

སི་རི་ཡཱའི་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་གསུམ་དང་སྐར་མ་བཅུའི་ཡས་མས་སུ། དབྱི་སི་རལ་གྱི་དམག་དཔུང་གིས་ཀི་ལན་མཐོ་སྒང་ནས་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས། སི་རི་ཡཱའི་མཁའ་སྲུང་མ་ལག་བཀོལ་ནས་འཕུར་མདའ་མང་ཙམ་བཀག་འགོག་བྱས། དབྱི་སི་རལ་དམག་དཔུང་གི་བར་སྣང་འཇབ་རྒོལ་ལས་སི་རི་ཡཱའི་དམག་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག དེའི་ཞོར་དུ་ད་རུང་སྒྲིག་ཆས་ལ་གཏོར་བརླག་ཐེབས་ཡོད་ཟེར། 

སི་རི་ཡཱའི་ནང་འཁྲུག་བྱུང་བའི་རྗེས་སུ། དབྱི་སི་རལ་དམག་དཔུང་གིས་ཐེངས་མང་བོར་དབྱི་ལིང་གི་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་གཏོང་བ་རྒྱུ་མཚན་དུ་བྱས་ཏེ་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱས་མྱོང་། སི་རི་ཡཱ་དང་དབྱི་ལིང་སྲིད་གཞུང་གིས་དབྱི་ལིང་གི་བཅའ་སྡོད་དམག་དཔུང་སི་རི་ཡཱ་རུ་ཡོད་པ་ཁས་ལེན་མ་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།