ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བྱང་ཤར་ས་ཁུལ་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་དམངས་དམག་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཨ་ཧྥུའུ་ཧན་ས་གནས་གྲོས་ཁང་གི་གྲོས་མིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བྱང་ཤར་ཕྱོགས་ཀྱི་པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་ཚེས་བཅུ་དྲུག་ཉིན་འཇབ་རྒོལ་ཐེབས་ཏེ། ས་དེའི་དམངས་དམག་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཟེར། 

པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྲོས་ཁང་གི་གྲོས་མི་ནཱ་ཅི་ཡིས་ཚེས་བཅུ་བདུན་ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཚེས་བཅུ་དྲུག་ཉིན་གྱི་དགོང་མོར། མེ་མདའ་དང་མེ་ཤུགས་འཕུར་མདའ་བཟུང་བའི་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཞིང་ཆེན་དེའི་ཀྲུའུ་ཨར་མུའུ་ས་ཁུལ་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། ཞིབ་བཤེར་ས་ཚིགས་སྲུང་བའི་དམངས་དམག་བར་འཁྲུག་རྩོད་བྱུང་བ་དང་། འཁྲུག་རྩོད་དེ་དུས་ཚོད་འགའི་རིང་རྒྱུན་བསྲིངས་པ་རེད་ཟེར། 

ནཱ་ཅི་ཡིས་བཤད་རྒྱུར། དམངས་དམག་བཅུ་གཅིག་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་མི་བཅོ་ལྔར་རྨས་ཕོག་ཡོད། ཐཱ་ལེ་པན་ཕྱོགས་ཀྱི་མི་བརྒྱད་བསད་པ་དང་། མི་བདུན་ལ་རྨས་ཕོག་ཡོད་ཟེར། 

ཨ་ཧྥུའུ་ཧན་སྐྱ་རེངས་བརྙན་འཕྲིན་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཐཱ་ལེ་པན་གྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་ཡོད་ཟེར། 

ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་དང་ཉེན་རྟོག་པའི་མཐའ་འཁོབ་ས་ཁུལ་གྱི་སྟོབས་ཤུགས་ཅུང་ཞན་པས། ས་དེའི་བདེ་འཇགས་འགན་སྲུང་བྱ་བ་དེ་སྤྱིར་བཏང་དུ་དམངས་དམག་གིས་འགན་འཁུར་བཞིན་ཡོད་ལ། ཨ་ཧྥུའུ་ཧན་བདེ་འཇགས་ལས་ཁུངས་ཀྱིས་དམངས་དམག་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་པ་རེད། 

ཐཱ་ལེ་པན་དྲག་ཆས་པས་མིག་སྔར་པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་ས་ཁུལ་སྐོར་ཞིག་ཚོད་འཛིན་བྱས་ཡོད་པ་དང་། དུས་རྒྱུན་རི་ཁུལ་གྱི་ཡུལ་བབ་བེད་སྤྱད་དེ་འཇབ་རྒོལ་བྱ་འགུལ་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།