ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དང་དབྱིན་ཇིའི་ས་དཀྱིལ་མཚོ་ཁོངས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དང་དབྱིན་ཇི་ཡིས་ཉིན་དེར་ས་དཀྱིལ་མཚོ་ཁོངས་སུ་སྤེལ་བའི་སྐམ་ཆུ་གཉིས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ཚབ་མིང་ལT-1ཞེས་སུ་འབོད་པ་དང་། ནང་དོན་ལ་མགྱོགས་མྱུར་གནད་འཁེལ་གྱི་གྲུ་གཟིངས་རུ་ཁག་གི་རུ་བསྒྲིག་དང་ཟོང་འདྲུད་གྲུ་གཟིངས་ཀྱི་འགེབས་སྲུང་། མཚོ་ཐོག་བཀག་འགོག མཚོ་དམག་ལ་བར་སྣང་ནས་འགེབ་སྲུང་འདོན་སྤྲོད་བྱེད་པའི་མཁའ་སྲུང་སྦྱོང་བརྡར། དམིགས་བསལ་དམག་དཔུང་སྐམ་སར་འབུད་པ་སོགས་འདུས། ཨེ་ཅིབ་མཚོ་དམག་གི་ཨན་ཝ་ཨར་སཱ་ཏཱ་ཐི་རྟགས་ཅན་གྱི་སྐམ་ཆུ་གཉིས་ཀྱི་དཔུང་འཇུག་གྲུ་གཟིངས་དང་ཧྲ་མུའུ་ཧྲ་དབྱེ་ཧི་རྟགས་ཅན་གྱི་འགེབས་སྲུང་གྲུ་གཟིངས། དབྱིན་ཇིའི་མཚོ་དམག་གི་ཨར་པུས་ཨིན་རྟགས་ཅན་གྱི་སྐམ་ཆུ་གཉིས་ཀྱི་དཔུང་འཇུག་གྲུ་གཟིངས་བཅས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་ཟེར། 

གསལ་སྒྲོག་ལས་དམག་དོན་སྦྱོང་བརྡར་མགོ་བརྩམས་པའི་དུས་ཚོད་དང་བྱེ་བྲག་གི་ཟབ་ཞུགས་མི་གྲངས་གླེང་མེད། 

ཨེ་ཅིབ་གཏོར་གཟུགས་མཆོད་རྟེན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་ཨེ་ཅིབ་དང་དབྱིན་ཇི་ཡིས་ཐོག་དང་པོར་སྐམ་ཆུ་གཉིས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་ཡིན་ཟེར། ཨེ་ཅིབ་ཀྱི་མཚོ་དམག་གི་དམག་སྤྱི་ཧཱ་ལི་ཏི་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ས་དཀྱིལ་མཚོ་ཁོངས་ཀྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། 

ཨེ་ཅིབ་ཀྱིས་དུས་བཅད་ལྟར་ཨ་རབ་དང་ཨ་ཧྥེ་རི་ཁ་གླིང་། ནུབ་ཕྱོགས་རྒྱལ་ཁབ་བཅས་ཀྱི་བར་དུ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཨེ་ཅིབ་ཀྱིས་ཨ་མེ་རི་ཁ་དང་ཧྥ་རན་སི། དབྱི་ཐཱ་ལེ། སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁི་ཝེ་ཐི་སོགས་རྒྱལ་ཁབ་བར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མྱོང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།