ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་དབུས་ཤར་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་བདུན་ཉིན་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ལ་ཁ་པར་བཏང་སྟེ། དབུས་ཤར་གནས་བབ་སོགས་ས་ཁུལ་གྱི་གནད་དོན་མང་བོར་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བདུན་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་དང་ཆཱ་ཝུའུ་ཧྲི་ཨོ་ལུའུ་གཉིས་ཀྱིས་ཁ་པར་གྲོས་མོལ་བྱེད་སྐབས་བསྟན་དོན། ལི་པུ་ཡཱའི་ཆབ་སྲིད་སྟོབས་ཤུགས་དང་ཚོགས་ཁག་གཙོ་བོ་དག་རྒྱལ་ཁབ་དེའི་ནང་ཁུལ་གྱི་ཕྱོགས་ཡོངས་གྲོས་མོལ་ལ་ཞུགས་པར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྣེ་ཁྲིད་འོག་བྱ་བ་སྤེལ་བའི་གལ་ཆེན་རང་བཞིན་ནན་གྱིས་བསྟན། 

ཕྱོགས་གཉིས་ཀྱིས་བསྟན་དོན། ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་ཕྱི་འབྲེལ་དང་དམག་དོན། གསང་འཕྲིན་སོགས་སྡེ་ཁག་གི་འབྲེལ་འདྲིས་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་རོགས་འདེགས་བྱེད་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་ཨ་སི་ཐཱ་ནཱའི་འཕེལ་རིམ་གྱི་འབྲེལ་ཡོད་གྲོས་མཐུན་གཞིར་བཟུང་ནས་སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་གནད་དོན་གླེང་སྐབས་བསྟན་དོན། ངེས་པར་དུ་ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་བར་དུ་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་འབྱུང་བར་ཁག་ཐེག་བྱེད་དགོས་པ་དང་། ནཱ་ཁཱའི་གནད་དོན་དེ་ཞི་བའི་ཐབས་ལ་བརྟེན་ན་ད་གཟོད་ཐག་གཅོད་བྱེད་ཐུབ་ཟེར། ཕྱོགས་གཉིས་ཀྱིས་བསྟན་དོན། ངེས་པར་དུ་འཁྲུག་རྩོད་མཚམས་འཇོག་པའི་རྣམ་པ་བཙུགས་ཏེ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གི་འབྲེལ་ཡོད་རྐྱེན་སྲོལ་སྒྲོམ་གཞིའི་ནང་གྲོས་མོལ་འཕེལ་རིམ་མྱུར་དུ་སླར་གསོ་བྱེད་དགོས་ལ། ཕྱི་རྒྱལ་གྱི་དྲག་ཆས་མི་སྣ་དག་ནཱ་ཁཱའི་འཁྲུག་རྩོད་ནང་ཞུགས་ནས་ཉམས་ཉེན་དེ་རྒྱལ་སྤྱི་ཅན་དུ་བསྒྱུར་མི་རུང་ཟེར། 

ཕྱོགས་གཉིས་ཀྱིས་ད་རུང་ས་དཀྱིལ་མཚོ་ཁོངས་ཤར་མའི་གནས་བབ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།