ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ལེ་ཝེ་ཡཱ་ཡིས་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ10བའི་ཚེས18ཉིན། པའོ་ལེ་ཝེ་ཡཱའི་རྒྱལ་ས་ལཱ་པཱ་སིའི་འདེམ་ཤོག་འཕེན་ས་ཞིག་ནས། པའོ་ལེ་ཝེ་ཡཱའི་སྤྱི་དམངས་ཚོགས་ཁག་ཏང་གི་འདེམ་སྒུག་མི་སྣ། སྔོན་ཆད་ཀྱི་ཙུང་ཐུང་ཁཱ་ལོ་སི་མཱེ་སཱ་ཡིས་མི་རྣམས་ལ་གུས་སེམས་སྟོན་བཞིན་པ། 

པའོ་ལེ་ཝེ་ཡཱ་ཡིས་ཚེས་བཅོ་བརྒྱད་ཉིན་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ། པའོ་ལེ་ཝེ་ཡཱ་རྒྱལ་ཡོངས་ཀྱི་འདེམ་དམངས་ས་ཡ་བདུན་དང་འབུམ་གསུམ་གྱིས་འདེམ་ཤོག་འཕངས་ཏེ་ཙུང་ཐུང་གསར་བ་འདེམ་བསྐོ་བྱེད་རྒྱུ་ཡིན་པ་དང་། དེའི་ཞོར་དུ་ཙུང་ཐུང་གཞོན་པ་གཅིག་དང་དམངས་གྲོས་ཁང་གི་གྲོས་མི་བརྒྱ་དང་སུམ་ཅུ། གྲོས་ཞུགས་ཁང་གི་གྲོས་མི་སོ་དྲུག་བཅས་འདེམ་རྒྱུ་རེད། 

ཐེངས་འདིའི་འདེམ་བསྐོར་བསྡོམས་པས་ཙུང་ཐུང་གི་འགྲན་རྩོད་པ་ལྔ་ཡོད། 

པའོ་ལེ་ཝེ་ཡཱ་རྒྱལ་ཡོངས་སུ་འདེམ་ཤོག་འཕེན་ས་སྟོང་ལྔ་དང་བརྒྱ་སོ་བཞི་བཀོད་སྒྲིག་བྱས་ཡོད་པ་དང་། ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་འདེམ་ཤོག་འཕེན་པའི་མགོ་བརྩམས་པ་ཡིན་ལ། ཕྱི་དྲོའི་དུས་ཚོད་ལྔའི་སྟེང་མཇུག་སྒྲིལ་བ་རེད། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་ཆེད། པའོ་ལེ་ཝེ་ཡཱ་རྒྱལ་ཡོངས་སུ་ཉེན་རྟོག་པ་དང་དམག་མི་ཁྲི་གསུམ་དང་སྟོང་ལྔ་མངག་ནས་བདེ་སྲུང་བྱེད་དུ་བཅུག དེ་ལས་གཞན་མེ་གླིང་རྒྱལ་ཁབ་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་མང་བོས་ལྟ་ཞིབ་པ་མངག་ནས། ཐེངས་འདིའི་པའོ་ལེ་ཝེ་ཡཱའི་འདེམ་བསྐོའི་བྱ་འགུལ་ཆེན་མོར་ལྟ་རྟོག་བྱེད་བཞིན་ཡོད། 

པའོ་ལེ་ཝེ་ཡཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གི་འདེམ་སྒུག་མི་སྣར་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་སྐབས་ནུས་ལྡན་འདེམ་ཤོག་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བ་ཐོབ་པ་དང་། ཡང་ན་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་བཞི་བཅུ་ལས་བརྒལ་བ་དང་ཨང་གཉིས་པའི་བར་གྱི་བར་ཁྱད་བརྒྱ་ཆའི་གྲངས་བཅུ་ལས་ཆེ་ན་རྒྱལ་ཁ་ཐོབ་པ་ཡིན། དེ་ལྟ་མིན་ཚེ་འདེམ་ཤོག་ཐོབ་མཁན་ཆེས་མང་བའི་འདེམ་སྒུག་པ་གཉིས་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས་པ་རེད། 

པའོ་ལེ་ཝེ་ཡཱའི་ཆེས་མཐོའི་འདེམ་བསྐོའི་ཁྲིམས་ཁང་གིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་དོན། འདེམ་ཤོག་རྩིས་ལེན་མཇུག་འབྲས་ལ་བློ་གཏོད་རུང་བར་ཁག་ཐེག་བྱེད་པ་དང་རྙོག་དྲ་མི་འབྱུང་བར་སྔོན་འགོག་བྱེད་ཆེད། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་དེ་དཔོན་ཕྱོགས་ཀྱིས་ཐོག་མའི་མཇུག་འབྲས་ཁྱབ་སྒྲོག་བྱས་པའི་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་དང་། མཇུག་མཐའི་མཇུག་འབྲས་དེ་ཁྲིམས་ལྟར་འདེམ་བསྐོའི་རྗེས་ཀྱི་ཉིན་བདུན་ནང་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། ཡིན་ཡང་ཁྲིམས་ཁང་གིས་དམངས་ཀྱི་འདོད་བློའི་རྟོག་ཞིབ་ལས་ཁུངས་ཀྱིས་ཉིན་དེའི་དགོངས་མོའི་དུས་ཚོད་བརྒྱད་ནས་བཟུང་འདེམ་ཤོག་མྱུར་དུ་རྩིས་ལེན་དང་དམངས་ཀྱི་འདོད་བློའི་གནས་ཚུལ་ཁྱབ་སྒྲོག་བྱེད་པར་ཆོག་མཆན་བཀོད་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།