ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་ནས་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་འགྲུལ་སྐྱེལ་རླངས་འཁོར་ཞིག་མནན་པ་དང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་བྱང་ཕྱོགས་ཀྱི་ཅིར་ཅི་ཐི་པོར་ཏིས་སི་ཐན་ས་ཁུལ་གྱི་དཔོན་རིགས་ཀྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ས་དེའི་སི་ཁཱ་ཏུའུ་ས་ཁུལ་དུ་ཉིན་དེའི་ཞོགས་པར་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། འགྲུལ་སྐྱེལ་རླངས་འཁོར་གཅིག་མནན་པ་དང་རླངས་འཁོར་སྟེང་གི་འགྲུལ་བ་བཅུ་དྲུག་པོ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར། 

སི་ཁཱ་ཏུའུ་ས་ཁུལ་གྱི་ཆེད་དོན་པ་གཞོན་པ་དབྱེ་ཁི་པཱ་ཨར་གྱིས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་དེ་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ལཱ་ཝ་ཨར་པིན་ཏིས་ནས་སི་ཁཱ་ཏུའུ་རུ་བགྲོད་རྩིས་ཡིན་པ་དང་། ཞོགས་པར་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་ས་རོའི་འོག་ཏུ་མནན་པ་རེད། འགྲུལ་བ་ཚང་མ་ནི་ཕྱིར་ཕ་ཡུལ་དུ་ལོག་པའི་ས་དེའི་སྡོད་དམངས་ཡིན་པ་དང་། བེམ་པོ་ཚང་མ་རྙེད་ཡོད་ཟེར། 

དབྱེ་ཁི་པཱ་ཨར་གྱིས་བཤད་རྒྱུར། དོན་རྐྱེན་དེ་མཐའ་འཁོབ་ས་ཁུལ་དུ་བྱུང་བ་དང་། ཡུལ་དངོས་ཀྱི་གཞུང་ལམ་ཞིག་གསོའི་བྱ་བ་བྲེལ་མྱུར་གྱིས་སྤེལ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།