ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་དང་ཡོ་རོབ་གླིང་གི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་མ་འོངས་པའི་འབྲེལ་བའི་གྲོས་མོལ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་ཚེས་བཅུ་བཞིའི་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པར་ཁ་པར་བཏང་སྟེ། དབྱིན་ཇི་དང་ཡོ་རོབ་གླིང་གི་མ་འོངས་པའི་འབྲེལ་བའི་གྲོས་མོལ་གྱི་གནས་ཚུལ་གསར་བར་གྲོས་བསྡུར་བྱས། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཡའོ་ཧན་ཞོན་གྱིས་ཉིན་དེའི་དགོང་མོར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གཉིས་ལ་ཁ་པར་བཏང་། དབུ་བཞུགས་བློན་ཆེན་གྱིས་ཡོ་རོབ་གླིང་མནའ་འབྲེལ་བར་མ་འོངས་པའི་འབྲེལ་བའི་གྲོས་མཐུན་འགོད་འདོད་ཡོད་ཀྱང་། འདས་པའི་གཟའ་འཁོར་གཉིས་ཀྱི་ནང་གྲུབ་འབྲས་ཅི་ཡང་མ་ཐོབ་པར་ཡིད་ཆད་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཡའོ་ཧན་ཞོན་གྱིས་ཉེ་སྔོན་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ལ་གྲུབ་འབྲས་ཐོབ་པའི་གནས་ཚུལ་ཐོས་འདོད་ཡོད་པ་དང་། ཁོའི་ཟླ་དགུ་བའི་ཚེས་བདུན་ཉིན་གྱི་གསལ་སྒྲོག་ལྟར་ན་དབྱིན་ཇིའི་ཕྱོགས་ཀྱི་འགུལ་སྐྱོད་ལ་བསམ་བློ་གཏོང་རྒྱུ་རེད་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་དེ་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་སྤེལ་རྒྱུ་ཡིན་པ་དང་། ཡའོ་ཧན་ཞོན་གྱིས་ཟླ་དགུ་བའི་བའི་ཚེས་བདུན་ཉིན་བསྟན་དོན། ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་ནི་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉོ་ཚོང་གྲོས་མཐུན་འགོད་པའི་ཆེས་མཇུག་མཐའི་ཡུན་ཚད་ཡིན་པ་དང་། གལ་ཏེ་སྐབས་ཐོག་དེར་གྲོས་མཐུན་འགོད་མ་ཐུབ་ན། ཕྱོགས་གཉིས་ཀྱིས་དོན་དངོས་དེ་དང་ལེན་བྱས་ཏེ་མུ་མཐུད་དུ་མདུན་བསྐྱོད་བྱེད་དགོས་ཟེར་ཡང་། དབྱིན་ཇིའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ལས་དོན་གྱི་འགན་ཁུར་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་པཱ་ནེ་ཡེ་ཡིས་གྲོས་མཐུན་འགོད་པའི་ཆེས་ལུགས་མཐུན་གྱི་ཡུན་ཚད་ནི་ཟླ་བཅུ་བའི་ཟླ་མཇུག་ཡིན་པའི་གྲོས་གཞི་བཏོན། 

དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་དེའི་སྔོན་སྤེལ་བའི་གསལ་སྒྲོག་ལྟར་ན། ཕྱོགས་གཉིས་ཀྱིས་ཟླ་གསུམ་པ་ནས་གྲོས་མོལ་མགོ་བརྩམས་པའི་ཚུན་ལ། ཉེ་སྔོན་གྱི་གཟའ་འཁོར་འགའི་ནང་གྲུབ་འབྲས་བླངས་ཡོད་ཀྱང་། སྔར་བཞིན་འགལ་བ་མངོན་གསལ་ལྡན་པ་དང་། ཁྱད་པར་དུ་ཉ་གསོ་ལས་རིགས་དང་འདྲ་མཉམ་འགྲན་རྩོད་ཁོར་ཡུག བཅོས་སྐྱོང་ཁྱབ་ཁོངས་བཅས་སུ་འགལ་བ་མངོན་གསལ་ལྡན། ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་དབུ་བཞུགས་གྲོས་མོལ་འཐུས་མིས་དུས་ཚོད་དམ་འཛིན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་འགལ་བ་དེ་དག་ཐག་གཅོད་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།