ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཉིང་རྡུལ་མཚོན་ཆའི་མཛོད་ཁང་ལ་བཀག་སྡོམ་བྱེད་པའི་སྐོར་གྱི་གསལ་སྒྲོག་དང་ལེན་བྱེད་མི་སྲིད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཉིང་རྡུལ་མཚོན་ཆའི་མཛོད་ཁང་ལ་བཀག་སྡོམ་བྱེད་པའི་སྐོར་གྱི་གསལ་སྒྲོག་དང་ལེན་བྱེད་མི་སྲིད་ཟེར། 

ཚེས་བཅུ་གསུམ་ཉིན་ཨ་མེ་རི་ཁ་དང་ཨུ་རུ་སིའི་དམག་དོན་ཚོད་འཛིན་གྲོས་མོལ་གྱི་ཨ་མེ་རི་ཁའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ་པུས་ལིན་སི་ལེ་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་གནས་སྐབས་སུ་ཨ་མེ་རི་ཁ་དང་ཨུ་རུ་སིའི་ཉིང་རྡུལ་མཚོན་ཆའི་མཛོད་ཁང་ལ་བཀག་སྡོམ་བྱེད་པའི་ཆ་རྐྱེན་འོག་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གི་ཡུན་ཚད་ཇེ་རིང་དུ་གཏོང་འདོད་ཡོད། ཁོས་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་གནད་དོན་དེའི་ཐད་ནས་རྩ་དོན་རང་བཞིན་གྱི་ཐུན་མོང་ལྟ་ཚུལ་བཀོད་ཡོད་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་དེ་དང་ལེན་བྱེད་ཐབས་མེད་པའི་ཚུལ་བསྟན། དེ་ནི་ཨུ་རུ་སིའི་ཕྱོགས་ཀྱིས་ཉིང་རྡུལ་མཚོན་ཆའི་མཛོད་ཁང་ལ་བཀག་སྡོམ་བྱེད་པར་ངོ་རྒོལ་བྱེད་པ་མིན་ལ། ཕྱོགས་ཡོངས་ནས་འཐབ་ཇུས་གཏན་འཇགས་ལ་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་དགོས་པར་བསམ་ཡོད་ལ། སྐྱེལ་འདྲེན་ཡོ་བྱད་ཀྱི་གནད་དོན་དང་བར་སྣང་གི་གནད་དོན། འཕུར་མདའི་མ་ལག་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།