ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྔོན་གྱི་གྲོས་ཚོམས་ཁང་ནས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ10བའི་ཚེས8ཉིན།  ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ནེ་པེན་ཅཱ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཱ་ལིའི་གནས་བབ་སྐོར་གྱི་གྲོས་ཚོགས་ལ་མགོ་འཛིན་བྱས། 

2.jpg

ཟླ10བའི་ཚེས8ཉིན།  ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མཱ་ལིའི་གནད་དོན་གྱི་དམིགས་བསལ་འཐུས་མི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཕྱོགས་བསྡུས་གཏན་འཇགས་ཆེད་མངག་ཚོགས་པའི་ཚོགས་གཙོ་ཨན་ནཱ་ཏིས་ཧྥུའུ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་མཱ་ལིའི་གནས་བབ་སྙན་ཞུ་བྱས།

3.jpg

ཟླ10བའི་ཚེས8ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ནེ་པེན་ཅཱ་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་ཧྥེ་རི་ཁ་ལྷོ་མའི་འཐུས་མི་མཱ་ཏིས་ལཱ་གཉིས་ཀྱིས་གྲོས་ཚོགས་མགོ་མ་བརྩམས་གོང་གླེང་མོལ་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོམས་ཁང་ནས་མཱ་ལིའི་གནས་བབ་ཀྱི་གྲོས་ཚོགས་བསྡུས། དེ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོམས་ཁང་དེ་པྲོག་གསར་གློ་ཚད་རིམས་ནད་དབང་གིས་སྒོ་བརྒྱབ་ནས་ཟླ་ངོ་བདུན་ཙམ་འགོར་རྗེས་ཐོག་དང་པོར་ཡང་བསྐྱར་སྒོ་ཕྱེས་པ་རེད། 

གྲོས་ཚོགས་ལ་མགོ་འཛིན་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ནེ་པེན་ཅཱ་ཡིས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་རང་ཁྱིམ་དུ་ལོག་ཐུབ་སོང་ཟེར། ཁོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་གནད་དོན་དེར་གྲོས་མཐུན་བཀོད་པར་བཀའ་དྲིན་ཞུས། 

འགོག་སྲུང་བྱེད་ཐབས་སུ་རྟ་རྨིག་དབྱིབས་ཀྱི་མདུན་ཅོག་གི་འཐུས་ཚབ་ཚོགས་པ་རེ་རེའི་འདུག་སྟེགས་ཀྱི་བར་དུ་ཕྱི་གསལ་ནང་གསལ་གྱི་ཤེལ་ལེབ་ཀྱིས་བཅད་ཡོད་པ་ང་། གྲོས་ཚོགས་ལ་ཞུགས་པའི་མི་ཚང་མས་ཁ་ཐུམ་བརྒྱབ་ཡོད། ཚེས་བརྒྱད་ཉིན་གྱི་གྲོས་ཚོགས་སྟེང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་སྟེགས་བུའི་གནས་སུ་མི་གཉིས་ཡོད་པ་ལས་གཞན། འཐུས་ཚབ་ཚོགས་པ་གཞན་པའི་འདུག་གནས་སུ་མི་གཅིག་རེ་ལས་མེད། འཐུས་མིའི་ལྟག་རྒྱབ་ཀྱི་འདུག་སྟེགས་ཚང་མ་སྟོང་བར་བསྐྱུར་ཡོད། གྲོས་ཚོགས་ལ་ཞུགས་པའི་མི་སྣ་གཞན་པ་བཅུ་ཕྲག་འགའ་ཕྱི་ངོས་ཀྱི་འདུག་སྟེགས་དམར་པོའི་སྟེང་བསྡད་ཡོད་ལ། འཐུས་མི་སྐོར་ཞིག་གིས་གཏམ་བཤད་སྤེལ་སྐབས་ཀྱང་ཁ་ཐུམ་བརྒྱབ་ཡོད། 

ནེ་པེན་ཅཱ་ཡིས་ཚེས་གཅིག་ཉིན་གསར་འགྱུར་ལས་རིགས་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་བཅུ་བའི་གྲོས་རིམ་མཚམས་སྦྱོར་བྱེད་སྐབས་བཤད་རྒྱུར། ཚེས་བརྒྱད་ཉིན་གྱི་རྗེས་སུ། གྲོས་ཚོགས་སྐོར་ཞིག་དང་ཁྱད་པར་དུ་ཡོངས་བསྒྲགས་དཔྱད་གླེང་ཚོགས་འདུ་དེ་བརྙན་རིས་ཀྱི་རྣམ་པས་སྤེལ་རྒྱུ་ཡིན། ཡོངས་བསྒྲགས་དཔྱད་གླེང་ཚོགས་འདུར་ཞུགས་མཁན་ཅུང་མང་བ་དང་། དུས་རྒྱུན་མཐོ་རིམ་དཔོན་པོ་དག་ཞུགས་བཞིན་ཡོད་ལ། ཨ་མེ་རི་ཁའི་ཉིག་ཡོ་ཀྲིག་ཏུ་མིག་སྔར་ཉིན་བཅུ་བཞིའི་རིང་ཁ་ཁར་བྱེད་པའི་རིམས་འགོག་གཏན་འཁེལ་ལག་བསྟར་བྱེད་བཞིན་ཡོད་པས། ཕྱི་རྒྱལ་གྱི་མཐོ་རིམ་དཔོན་པོ་དག་བརྙན་རིས་ཀྱི་རྣམ་པས་གྲོས་ཚོགས་ལ་ཞུགས་དགོས་ཟེར། 

རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་གསུམ་པའི་ཟླ་དཀྱིལ་ནས་བཟུང་བརྙན་རིས་ཀྱི་རྣམ་པས་གྲོས་ཚོགས་སྤེལ། ཟླ་བདུན་པའི་ཟླ་དཀྱིལ་དུ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁོད་ཡངས་པའི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོམས་ཁང་ནས་གྲོས་ཚོགས་བསྡུས་ཀྱང་། གྲོས་ཚོགས་མང་ཆེ་བ་སྔར་བཞིན་བརྙན་རིས་ཀྱི་རྣམ་པས་སྤེལ་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།