ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་སྨན་ཁང་དུ་བསྡད་ནས་སྨན་བཅོས་དང་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཚེས་གཉིས་ཉིན་གྱི་དགོང་མོར། ཨ་མེ་རི་ཁའི་ཙུང་ཐུང་ཐུ་ལང་ཕུའུ་ལ་པྲོག་དབྱིབས་ནད་དུག་འགོས་རྗེས། དམག་དོན་སྨན་ཁང་ཞིག་ཏུ་བསྐྱལ་ནས་སྨན་བཅོས་བྱས།

སྨྱན་སྦྱོར་མང་པོས་གནས་ཚུལ་སྤེལ་བར་གཞིགས་ན། ཐི་ལང་ཕུའུ་ཡིས་མདོག་ཆེ་བའི་ལྭ་བ་གྱོན་ནས་ཁ་ཐུམ་བརྒྱབ་སྟེ་ཕོ་བྲང་དཀར་པོ་ནས་ཕྱིར་བུད་རྗེས། ཙུང་ཐུང་ཆེད་གཏོང་གནམ་གྲུར་བསྡད་དེ། མ་ལི་ལན་མངའ་སྡེ་ཡི་པེ་སའེ་སི་ཏའི་ཝོར་ཐེ·ལི་ཏེ་རྒྱལ་ཁབ་དམག་དོན་གསོ་རིག་ལྟེ་གནས་སུ་སོང་ཟེར།

ཐི་ལང་ཕུའུ་གྱེན་འཕུར་གནམ་གྲུའི་ཕྱོགས་སུ་ཆས་སྐབས་དེ་གར་ཡོད་པའི་སྨྱན་སྦྱོར་གསར་འགོད་པར་ལག་པ་གཡུག་གཡུག་བྱས་ཀྱང་། གསར་འགོད་པའི་དྲི་བ་དང་ལེན་མ་བྱས། ཐི་ལང་ཕུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་ཡོངས་བསྒྲགས་བྱས་པའི་བརྙན་ཐུང་ཞིག་གི་ནང་། ང་རང་ཝོར་ཐེ·ལི་ཏེའི་གསོ་རིག་ལྟེ་གནས་སུ་འགྲོ་རྒྱུ་ཡིན། ངས་བསམ་ན་ངའི་ནད་ཀྱི་གནས་སྟངས་ཡག་པོ་རེད། ང་ཚོས་ཡོད་ཚད་བདེ་ལེགས་ངང་ཐག་གཅོད་བྱེད་དགོས་ཟེར།

གྱེན་འཕུར་གནམ་གྲུ་སྨན་ཁང་གི་ཉེ་འགྲམ་དུ་བབས་མ་ཐག ཐི་ལང་ཕུའུ་གནམ་གྲུ་ནས་བབས་རྗེས་རླངས་འཁོར་ལ་བསྡད་དེ་སྨན་ཁང་དུ་ཐོན།

ཝོར་ཐེ·ལི་ཏེ་རྒྱལ་ཁབ་དམག་དོན་གསོ་རིག་ལྟེ་གནས་ནི་ཨ་མེ་རི་ཁའི་སྐད་གྲགས་ཆེ་བའི་དམག་དོན་སྨན་ཁང་ཞིག་ཡིན། རྒྱལ་སའི་ཉེ་འཁོར་དུ་གནས་ཡོད། དེ་ནི་ཨ་མེ་རི་ཁའི་ཙུང་ཐུང་གིས་དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད་བྱེད་སའི་གཏན་འཁེལ་སྨན་ཁང་ཞིག་ཡིན་པ་དང་། དེ་གར་ཙུང་ཐུང་ཆེད་དུ་སྡོད་སའི་ཁང་བ་ཞིག་ཀྱང་ཡོད། ཐི་ལང་ཕུའུ་ཡིས་ཙུང་ཐུང་གི་འགན་བཞེས་རྗེས་སྨན་ཁང་དེ་རུ། དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད་བྱས་མྱོང་ཞིང་། ད་ལོའི་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན། ཐི་ལང་ཕུའུ་ཡིས་སྨན་ཁང་དེ་གར་རྨས་མ་དང་སྨན་བཅོས་མི་སྣར་འཚམས་འདྲིའང་བྱས་མྱོང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།