ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་གིས་ཧུའུ་སའེ་དྲག་ཆས་མི་སྣ་སུམ་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཡེ་མིན་སྲིད་གཞུང་དམག་གིས་ཚེས་གསུམ་ཉིན་བཤད་རྒྱུར། སྲིད་གཞུང་དམག་གིས་ཉིན་དེར་ཡེ་མིན་དབུར་རྒྱུད་མཱ་ལིས་པུའུ་ཞིང་ཆེན་ནས་ཧུའུ་སའེ་དྲག་ཆས་མི་སྣ་སུམ་བཅུ་བསད་ཟེར།

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་དམག་གི་དཔོན་པོ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སྲིད་གཞུང་དམག་དང་ཧུའུ་སའེ་དྲག་ཆས་རྩ་འཛུགས་བར་ཉིན་དེར་མཱ་ལིས་པུའུ་ཞིང་ཆེན་ནུབ་རྒྱུད་ཀྱི་ཞི་ཨེར་ཝ་ཧི་ས་ཁུལ་དུ་འཁྲུག་རྩོད་ཆེན་པོ་བྱུང་ནས། ཉུང་མཐར་ཡང་ཧུའུ་སའེ་དྲག་ཆས་མི་སྣ་སུམ་ཅུ་སྲིད་གཞུང་དམག་གིས་བསད་པ་དང་། ཕྱོགས་གཉིས་ཀའི་མི་བཅུ་ལྷག་ལ་རྨས་ཕོག

ཡེ་མིན་གསར་འགྱུར་པུའུ་ཀྲང་ཨེ་ལིས་ཡ་ཉི་ཡིས་ཚེས་གསུམ་ཉིན་སྨྱན་བྱད་སྟེང་བཤད་རྒྱུར།  སྲིད་གཞུང་དམག་གིས་ཉིན་དེར་ཞི་ཨེར་ཝ་ས་ཁུལ་ནས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་ལག་ནས་གནད་འགག་ཁུལ་ཁོངས་འགའ་ཕྱིར་ལེན་བྱས་ཟེར།

ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་གནས་སྐབས་སུ་དེའི་ཐད་ནས་ཕྱིར་ལན་སློག་མེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།