ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་གཉིས་ཀྱིས་མཐའ་མཇུག་གི་ཞི་བདེ་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། སུའུ་ཏན་གནས་སྐབས་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་གཉིས་ཀྱིས་ཚེས་གསུམ་ཉིན་སུའུ་ཏན་ལྷོ་མའི་རྒྱལ་ས་ཀྲུའུ་པཱ་རུ་མཐའ་མཇུག་གི་ཞི་བདེ་གྲོས་མཐུན་བཀོད་དེ། དུས་ཡུན་ལོ་ངོ་བཅུ་བདུན་རིང་གི་དགྲ་ཟླའི་རྣམ་པ་མཇུག་བསྒྲིལ།

སུའུ་ཏན་གཙོ་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨེར་ཧན་གྱིས་སུའུ་ཏན་གནས་སྐབས་སྲིད་གཞུང་གི་ཚབ་བྱས་ནས་གྲོས་མཐུན་བཀོད་པ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མནའ་འབྲེལ་སུའུ་ཏན་གསར་བརྗེ་འཐབ་ཕྱོགས་མངའ་འོག་གི་དྲག་ཆས་འགོ་ཁྲིད་མི་སྣ་མང་པོ་ཞིག་གིས་གྲོས་མཐུན་བཀོད། གྲོས་མཐུན་གྱི་ནང་དོན་ཐད་ནས་དབང་ཆ་དང་རྒྱུ་ནོར་བགོ་བཤའ། བདེ་འཇགས་དང་ཁྲིམས་འཛིན། ཡུལ་གྱར་བ་ཕྱིར་ཕ་ཡུལ་དུ་ལོག་པར་རོགས་རམ་བྱེད་པ་སོགས་འདུ།

སུའུ་ཏན་ལྷོ་མའི་ཙུང་ཐུང་ཅི་ཨེར་དང་ཆ་ཏེའི་ཙུང་ཐུང་ཏའེ་པིས། ཨ་ཙེ་ཨོ་ཕི་ཡའི་ཙུངཐུང་ས་ཧི་ལི_ཝོ་ཁི.ཙུའུ་ཏི་དང་སོ་ཐི་ཨ་རབ་རྒྱལ་ཁབ་དང་ཁ་ཐར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཨ་མེ་རི་སོགས་རྒྱལ་ཁབ་ཀྱི་འཐུས་ཚབ་མི་སྣ་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།

སུའུ་ཏན་གནས་སྐབས་སྲིད་གཞུང་དང་སུའུ་ཏན་གསར་བརྗེ་འཐབ་ཕྱོགས་གཉིས་ཀྱིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་ཐོག་མའི་ཞི་བདེ་གྲོས་མཐུན་བཀོད། དེ་ནི་སུའུ་ཏན་གྱི་འགལ་རྩོད་ཡོད་པའི་ས་ཁུལ་གྱི་ཞི་བདེ་སླར་གསོ་བྱེད་པའི་གོམ་སྟབས་དང་པོ་ཡིན་ཟེར།

ཏ་ཨེར་ཧྥུའུ་ཨེར་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་ཀྱིས2003ལོར་སུའུ་ཏན་སྲིད་གཞུང་ལ་ངོ་རྒོལ་བྱེད་འགོ་བརྩམས་པ་དང་། ནན་ཁི་ཨེར་ཏའོ་ཧྥན་མངའ་སྡེ་དང་ཆེན་ཉི་ལོ་ཧི་མངའ་སྡེ་གཉིས་སུ2011ལོ་ནས་བཟུང་དྲག་ཆས་ཟིང་འཁྲུག་བྱུང་བ་དང་། སུའུ་ཏན་གསར་བརྗེ་འཐབ་ཕྱོགས་ཀྱང་ལོ་དེར་རྩ་འཛུགས་བྱས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།