ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་འབྲུ་རིགས་གནོད་སྐྱོན་དང་འཕྲོ་བརླག་ཏུ་གཏོང་བའི་བྱ་སྤྱོད་ཇེ་ཉུང་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཆུས་ཏུང་ཡུས་ཀྱིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར།   འབྲུ་རིགས་གནོད་སྐྱོན་དང་འཕྲོ་བརླག་ཏུ་གཏོང་བ་ནི་ང་ཚོའི་དུས་རབས་འདིར་འཕྲད་པའི་འཐབ་རྩོད་གལ་ཆེན་ཞིག་ཡིན་པ་དང་།  གསར་སྐྲུན་རང་བཞིན་གྱི་གྲུབ་འབྲས་བླངས་རྗེས་དོ་དམ་དང་།  ཞིང་ལས་དང་འབྲུ་རིགས་མ་ལག་གྲངས་ཀ་ཅན་དུ་བསྒྱུར་བ་དང་འབྲུ་རིགས་ཁྲོམ་རའི་ཐབས་ལམ་ལ་ཡང་བསྐྱར་འཆར་འགོད་བྱེད་པ་སོགས་ལག་བསྟར་བྱས་ཏེ་འཐབ་རྩོད་དེ་ལ་ཁ་གཏད་འཇལ་ཆེད་སྟོབས་ཤུགས་འདོན་སྤྲོད་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཁག་གཞན་དག་དང་དེ་མིན་རྒྱལ་ཁབ་དང་ས་ཁུལ་མང་ཤོས་ཀྱི་འཐུས་ཚབ་མི་སྣས་ཉིན་དེར་བརྙན་རིས་ཀྱི་ལམ་ནས་གྲོས་ཚོགས་བསྡུས་ཏེ་རྒྱལ་སྤྱིའི་འབྲུ་རིགས་གནོད་སྐྱོན་དང་འཕྲོ་བརླག་ཏུ་གཏོང་བའི་གནད་དོན་དྲིལ་སྒྲོག་ཉིན་མོ་ཐོག་མར་བསུ་མ་བྱས།  ཆུས་ཏུང་ཡུས་ཀྱིས་ཤིས་ཚིགས་འབུལ་སྐབས་བཤད་རྒྱུར།   འབྲུ་རིགས་གནོད་སྐྱོན་དང་འཕྲོ་བརླག་ཏུ་གཏོང་ཚད་ཇེ་ཉུང་དུ་གཏོང་རྒྱུ་ནི་ཚང་མའི་ཐུན་མོང་གི་འགན་འཁྲི་ཡིན་པས།    ཁྱིམ་ཚང་དང་དེ་མིན་བྱིས་པ་དག་ལ་འབྲུ་རིགས་ལ་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་གཏོང་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར།  འབྲུ་རིགས་གནོད་སྐྱོན་དང་འཕྲོ་བརླག་ཏུ་གཏོང་བ་དེ་ནི་སྤྱོད་ལམ་ཐོག་ནས་བཟོད་སྒོམ་བྱེད་ཐབས་མེད་པ་ཞིག་རེད།   འཛམ་གླིང་དུ་འབྲུ་རིགས་འདང་ངེས་ཤིག་ཡོད་མོད།  འོན་ཀྱང་མི་དུང་ཕྱུར་དྲུག་དང་བྱེ་བ་དགུ་ཡིས་ད་རུང་ལྟོགས་སྐོམ་མྱོང་བཞིན་ཡོད་པ་དང་།  མི་ཐེར་འབུམ་གསུམ་གྱིས་བདེ་འཇགས་ཀྱི་བཟའ་བཏུང་ལོངས་སྤྱོད་བྱེད་ཐུབ་ཀྱིན་མེད་ཟེར།   ཁོས་འཛམ་གླིང་ཡོངས་མཐུན་སྒྲིལ་བྱས་ཏེ་འབྲུ་རིགས་གནོད་སྐྱོན་དང་འཕྲོ་བརླག་ཏུ་གཏོང་བ་ཇེ་ཉུང་དུ་བཏང་སྟེ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར།  རིམས་ནད་གསར་པ་མཆེད་པ་དེས་འཛམ་གླིང་གི་འབྲུ་རིགས་མ་ལག་གི་གཉོམ་ཞན་རང་བཞིན་ཕྱིར་མངོན་པར་བྱས་པར་མ་ཟད།   རྒྱལ་ཁབ་མང་པོའི་འབྲུ་རིགས་གནོད་སྐྱོན་དང་འཕྲོ་བརླག་ཏུ་གཏོང་ཤུགས་ཆེ་རུ་བཏང་ཡོད་པས།  ང་ཚོས་ནུས་ལྡན་གྱི་བྱེད་ཐབས་གསར་པ་སྤྱོད་དགོས་ཟེར།  ཁོས་བསྟན་དོན།   རྒྱལ་སྤྱིའི་འབྲུ་རིགས་གནོད་སྐྱོན་དང་འཕྲོ་བརླག་ཏུ་གཏོང་བའི་གནད་དོན་དྲིལ་བསྒྲགས་ཉིན་མོ་ཐོག་མ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་འབྲུ་རིགས་མ་ལག་དབུ་ཚོགས་གྲ་སྒྲིག་བྱེད་པའི་སྐབས་ལ་འཁེལ་ཡོད།  རྒྱལ་ཁབ་སོ་སོས་གནོད་སྐྱོན་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་འཆར་འགོད་བྱེད་དགོས་པ་དང་།   རང་རྒྱལ་ཁབ་ཀྱི་འབྲུ་རིགས་གནོད་སྐྱོན་དང་འཕྲོ་བརླག་གནས་ཚུལ་ཚད་འཇལ་བྱས་ཏེ་འབྲུ་རིགས་གནོད་སྐྱོན་དང་འཕྲོ་བརླག་ཏུ་གཏོང་བའི་བྱ་སྤྱོད་ཇེ་ཉུང་དུ་གཏོང་བའི་འགུལ་སྐྱོད་སྤེལ་དགོས་ཟེར།

ཉིས་སྟོང་བཅུ་དགུ་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་བཞི་བས་ལོ་རེའི་ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་ནི་རྒྱལ་སྤྱིའི་འབྲུ་རིགས་གནོད་སྐྱོན་དང་འཕྲོ་བརླག་ཏུ་གཏོང་བའི་གནད་དོན་དྲིལ་སྒྲོག་ཉིན་མོར་གཏན་ཁེལ་བྱས་པར་མ་ཟད།   རྒྱུན་མཐུད་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱིས་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་ཐུབ་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྟན་དོན།  ཉིས་སྟོང་བཅུ་བཞི་ལོའི་ཚུན་ལ།   འཛམ་གླིང་ཡོངས་སུ་ལྟོགས་སྐོམ་མྱོང་བཞིན་པའི་མི་རིམ་བཞིན་ཇེ་མང་དུ་འཕར་བཞིན་ཡོད།   འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འབྲུ་རིགས་བརྒྱ་ཆའི་བཅུ་བཞི་བསྡུ་ལེན་བྱས་ཏེ་ཕྱིར་འཚོང་བྱེད་པའི་དུས་རིམ་དུ་གནོན་སྐྱོན་དང་འཕྲོ་བརླག་ཏུ་གཏོང་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།