ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་ཞིབ་བཤེར་མི་སྣ་དབྱི་ལང་གི་ས་ཁུལ་ཞིག་ཏུ་ཞིབ་བཤེར་བྱེད་པར་སོང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་སྤྱིའི་ལས་འཛིན་པ་ཀི་ལོ་ཞི་ཡིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། ལས་ཁུངས་ཀྱི་མི་སྣ་དབྱི་ལང་གི་ཞིབ་བཤེར་བྱེད་ཡུལ་ཞིག་ཏུ་སོང་ཡོད་ལ། ཟླ་འདིའི་ཟླ་མཇུག་ཏུ་ས་ཁུལ་གཞན་ཞིག་ལ་ཞིབ་བཤེར་བྱེད་པར་འགྲོ་རྒྱུ་ཡིན་ཟེར།

ཀི་ལོ་ཞི་ཡིས་ཉིན་དེར་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་ལས་འཛིན་ཚོགས་པར་བཤད་རྒྱུར། དབྱི་ལང་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་མི་སྣས་ཞིབ་བཤེར་བྱེད་ཡུལ་གཉིས་ལ་ཞིབ་བཤེར་བྱེད་པར་འཐད་པ་བྱུང་བ་དང་བསྟུན་ནས། ཁོས་ལས་ཁུངས་དེ་དང་དབྱི་ལང་བར་གྱི་ཡིད་ཆེས་ཇེ་ཆེར་འགྲོ་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཁོས་བཤད་རྒྱུར། ངས་ཉིང་རྡུལ་ནུས་པའི་ལས་ཁུངས་དང་དབྱི་ལང་བར་དུ་གྲོས་ཆོད་བཀོད་པར་དགའ་བསུ་ཞུས་པ་ཡིན་ལ། ངས་གྲོས་ཆོད་དེས་ཕྱོགས་གཉིས་ཀྱི་མཉམ་ལས་དང་ཡིད་ཆེས་ཇེ་ཆེར་གཏོང་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཀི་ལོ་ཞི་ཡིས་ན་ནིང་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་སྤྱིའི་ལས་འཛིན་པའི་འགན་ཁུར་བ་ཡིན་ལ། ད་ལོའི་ཟླ་བརྒྱད་པར་ཐོག་དང་པོར་དབྱི་ལང་ལ་འཚམས་འདྲི་བྱས་ཏེ། རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་མི་སྣ་དབྱི་ལང་གི་ཞིབ་བཤེར་བྱེད་ཡུལ་གཉིས་ལ་ཞིབ་བཤེར་བྱེད་དུ་འགྲོ་བ་སོགས་ཀྱི་དོན་དག་སྐོར་ནས་གྲོས་མོལ་བྱས།

རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་ཟླ་དྲུག་པའི་ལས་འཛིན་ཚོགས་པས་ཟླ་དྲུག་པའི་ཚེས་བཅུ་ཉིན་བརྡས་ཐག་བཅད་དེ་དབྱི་ལང་གི་ཉིང་རྡུལ་ལ་ཞིབ་བཤེར་བྱ་ཆོག་པའི་གནད་དོན་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ། དབྱི་ལང་གིས་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ལ་ས་གནས་གཉིས་སུ་ཞིབ་བཤེར་བྱེད་ཆོག་པ་བྱ་རྒྱུའི་རེ་བ་བཏོན། དབྱི་ལང་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ལན་སྤྲད་ནས། དེ་ནི་ཆབ་སྲིད་རང་བཞིན་གྱི་གྲོས་ཆོད་ཅིག་ཡིན་པ་ལས་ལག་རྩལ་རང་བཞིན་གྱི་གྲོས་ཆོད་ཅིག་མིན་ལ། དབྱི་ལང་གིས་རྒྱུན་དུ་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་བར་དུ་ཆེས་མཐོ་བའི་རིམ་མཚུངས་མཉམ་ལས་སྲུང་འཛིན་བྱེད་བཞིན་ཡོད་ཅེས་བཤད།

ཀི་ལོ་ཞི་ཡིས་ཟླ་བརྒྱད་པར་དབྱི་ལང་འཚམས་འདྲི་བྱེད་པའི་སྐབས་སུ། དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་དང་། ཕྱི་འབྲེལ་དཔོན་པོ་ཀྲ་ལེ་ཧྥུའུ། དབྱི་ལང་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་ས་ལེ་ཞི་བཅས་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། དབྱི་ལང་གིས་རང་འགུལ་སྒོས་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ལ་གཏན་ཁེལ་གྱི་ས་གནས་གཉིས་སུ་འགྲོ་བའི་ཐབས་ལམ་འདོན་སྤྲོད་བྱ་རྒྱུ་མ་ཟད། ཉིང་རྡུལ་ཞིབ་བཤེར་བྱ་འགུལ་ཐད་སྟབས་བདེ་བསྐྲུན་རྒྱུ་ཡིན་ཞེས་བཤད།

ཀི་ལོ་ཞི་ཡིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། ས་གནས་དེ་གཉིས་ཀྱི་ས་གཅིག་ལ་ཐོན་རྗེས། ཞིབ་བཤེར་མི་སྣས་ཁོར་ཡུག་གི་མ་དཔེ་བསྡུ་ལེན་བྱས་ཡོད་པར་མ་ཟད་མ་དཔེར་དབྱེ་ཞིབ་བྱེད་བཞིན་ཡོད་ཟེར།

ཀི་ལོ་ཞི་འཚམས་འདྲིར་མ་སོང་གོང་། དབྱི་ལང་གི་ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་གནས་ཚུལ་ཅི་འདྲའི་འོག་ཏུ་ཡང་བར་གནས་བྱེད་དགོས་པ་ལས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་རོལ་རྩེད་ཁྲོད་ཞུགས་མི་འོས་ཞེས་བཤད་མྱོང་།

ཨ་མེ་རི་ཁས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་པར་ཕྱོགས་གཅིག་པུ་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་ཕྱིར་བུད་པར་མ་ཟད། དབྱི་ལང་ལ་ཡང་བསྐྱར་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྒྲགས། ཨ་མེ་རི་ཁ་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་ཕྱིར་བུད་པར་དམིགས་ནས། དབྱི་ལང་གིས་ན་ནིང་གི་ཟླ་ལྔ་པ་ནས་བཟུང་རིམ་བཞིན་གྲོས་ཆོད་ཀྱི་དོན་ཁག་ཅིག་ལག་བསྟར་བྱེད་མཚམས་བཞག

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕེ་ཨོ་ཡིས་ཟླ་བརྒྱད་པར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བརྡ་བཏང་ནས། ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལང་ལ་བཀག་སྡོམ་བྱེད་པའི་བརྒྱུད་རིམ་སླར་གསོ་བྱ་རྒྱུ་ཡིན་ཞེས་བཤད། ཨ་མེ་རི་ཁའི་བྱ་སྤྱོད་དེར་གཞན་པས་ཡོངས་ཁྱབ་ཏུ་ངོ་རྒོལ་བྱས། གྲོས་ཆོད་ལ་ཞུགས་པའི་ཕྱོགས་སོ་སོ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་ཆེ་ཤོས་ཀྱིས་ཨ་མེ་རི་ཁ་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་ཕྱིར་བུད་ན། བཀག་སྡོམ་རྐྱེན་སྲོལ་མྱུར་དུ་སླར་གསོ་བྱེད་པའི་དབང་ཆ་མེད་པར་འདོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།