ཀྲུང་གོ་བོད་ཀྱི་དྲ་བ།

ནེ་པ་ལའི་བྱང་རྒྱུད་དུ་རི་ཉིལ་དོན་རྐྱེན་བྱུང་ནས་མི་དགུ་ཤི་བ་དང་མི་ཉེར་གཉིས་གར་སོང་ཆ་མེད་དུ་གྱུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་པ་ལའི་བྱང་རྒྱུད་ཀྱི་ཞིན་ཏུའུ་ཕ་འར་ཆའོ་ཁེ་རྫོང་དུ་ཚེས་བཅུ་གསུམ་ཉིན་གྱི་ནམ་ལངས་ཁར་རི་ཉིལ་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་གཉིས་གར་སོང་ཆ་མེད་དུ་གྱུར།

རྫོང་དེའི་དབུ་བཞུགས་དམག་དཔོན་ཏ་ཁར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མཚན་མོ་མང་པོར་བསྟུད་མུར་ཆར་བ་ཆེན་པོ་བབས་པར་བརྟེན། ས་དེར་རི་ཉིལ་བའི་དོན་རྐྱེན་བྱུང་ནས། གྲོང་ཚོ་གསུམ་ལ་མ་མཐར་ཡང་ཁང་ལེབ་བསྟར་མ་བཅུ་དགུ་ས་འོག་ཏུ་བཅུག་པའམ་ཡང་ན་ཆུས་ཁུར། ནམ་ལངས་ཁར་རི་ཉིལ་བའི་དབང་གིས། གྲོང་མི་མང་པོ་གཉིད་ཀྱི་གཏིང་ན་ཡོད་པའི་སྐབས་བསྟུན་ནས་ཁོ་ཚོ་རྐྱེན་ལམ་དུ་བཏང་བ་རེད་ཟེར།

ཏ་ཁར་གྱིས་བཤད་རྒྱུར། འཚོལ་སྐྱོབ་མི་སྣས་སྔ་རྗེས་སུ་འཚོལ་ཞིབ་བྱས་པར་བརྟེན་ནས་བེམ་པོ་དགུ་རྙེད་པ་དང་། འཚོལ་སྐྱོབ་ལས་དོན་སྔར་བཞིན་ཛ་དྲག་ངང་སྤེལ་བཞིན་ཡོད། ཁྱིམ་ཚང་ཉིས་བརྒྱ་ཉི་ཤུ་ལྷག་ཙམ་ལ་གནོད་འཚེ་ཚབས་ཆེན་ཕོག་པས་འཕྲལ་དུ་བཀོད་སྒྲིག་བྱེད་ཀྱིན་ཡོད་ཟེར།

ཞིན་ཏུའུ་ཕ་འར་ཆའོ་ཁེ་རྫོང་གི་བྱང་རྒྱུད་ནི་ཀྲུང་གོའི་བོད་ལྗོངས་དང་འབྲེལ་བ་ཡོད་པས་ས་གཤིས་ཀྱི་ཆ་རྐྱེན་ཧ་ཅང་ཞན། ད་ལོའི་ཟླ་བརྒྱད་པའི་ཟླ་དཀྱིལ་དུ་རྫོང་དེར་གཞི་ཁྱོན་ཆེ་བའི་རི་ཉིལ་དོན་རྐྱེན་བྱུང་ནས། མི་སོ་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་གར་སོང་ཆ་མེད་དུ་གྱུར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།