ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་ཚང་མར་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས13ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ་ཡིས“ཨུ་རུ་སུ—1”བརྙན་འཕྲིན་ལས་ཁུངས་ཀྱི་ལེ་ཚན་དང་པོ་བརྒྱུད་ནས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་གཞན་ལ་ངོ་རྒོལ་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཏེ་ཕྱི་ཕྱོགས་འབྲེལ་བ་འཛུགས་རྒྱུ་མིན་ཞིང་། རྒྱལ་ཁབ་ཡོད་ཚད་དང་འབྲེལ་བ་བཟང་པོའི་ངང་འཕེལ་རྒྱས་སུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

གནས་ཚུལ་སྤེལ་བའི་ནང་། ཨ་རིས་རོགས་ཟླའི་རྒྱལ་ཁབ་དང་མཐུན་སྒྲིལ་ངང་ཀྲུང་གོར་ངོ་རྒོལ་བྱ་རྒྱུའི་འབོད་སྐུལ་བྱེད་པའི་གནད་དོན་ལ་གདེང་འཇོག་ཇི་ལྟར་བྱ་རྒྱུའི་ཐད་ལ་ཧྥུའུ་ལུའོ་ཧྥུའུ་ཡིས། ཨ་རི་དང་ཨུ་རུ་སུ་གཉིས་ཀྱི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་མི་འདྲ་ནའང་། ཨུ་རུ་སུ་ཕྱོགས་ལ་ཨ་རི་དང་རྦད་དེ་མི་འདྲ་བའི་ཕྱི་འབྲེལ་དང་ཆབ་སྲིད་རིག་གནས་ཡོད་པས་རྒྱལ་ཁབ་ཚང་མར་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སུར་འཛིན་པའི་ལངས་ཕྱོགས་སྐོར་གླེང་སྐབས། ལ་ཧྥུའུ་ལུའོ་ཧྥུའུ་ཡིས། ཡིད་ཕངས་པ་ཞིག་ལ་ཡོ་རོབ་མནའ་འབྲེལ་གྱིས་ཨ་རི་ཕྱོགས་ཀྱི“ཨུ་རུ་སུ་ཕྱོགས་ལ་ཆད་གཅོད་བྱེད་པ”ཞེས་པའི་གོམ་སྟབས་ཀྱི་རྗེས་ཟིན་པར་བྱ་ཆེད་ས་ཁུལ་དེ་གའི་དཔལ་འབྱོར་དང་འཐབ་ཇུས་ཀྱི་ཁེ་ཕན་ལ་བློས་གཏོང་མི་བྱེད་པར་ཨུ་རུ་སུ་ཕྱོགས་ཀྱིས་མིག་རྒྱང་ཐུང་ངུའི་བྱ་སྤྱོད་འདི་རིགས་ལ་སྔ་ས་ནས་གོམས་པར་བྱས་ཡོད། གནས་ཚུལ་འདིའི་འོག ཨུ་རུ་སུ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་འབྲེལ་བ་འཕེལ་རྒྱས་གཏོང་སྐབས་ངེས་པར་དུ་དོགས་ཟོན་བྱ་དགོས། གལ་ཏེ་ཡོ་རོབ་མནའ་འབྲེལ་གྱིས་མུ་མཐུད་དུ་སྒྱིད་ལུག་དང་གཏོར་བཤིག་རང་བཞིན་གྱི་ལངས་ཕྱོགས་བཟུང་ཚེ་ཨུ་རུ་སུ་ཕྱོགས་ཀྱིས་རང་ངོས་ཀྱི་རང་ཚུགས་འཕེལ་རྒྱས་འགན་ལེན་བྱེད་པའི་དུས་མཚུངས་སུ། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་མཉམ་ལས་བྱེད་འདོད་ཡོད་པའི་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཁོང་གིས་བསྟན་དོན། གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སུར་རེས་སྐོར་གསར་པའི་བཀག་སྡོམ་བྱས་ཚེ། ཨུ་རུ་སུ་ཕྱོགས་ཀྱིས་དེར་ཁ་ཡ་ཅི་ཡང་མི་བྱེད་པར་འདྲ་མཚུངས་ཀྱི་རྩ་དོན་ལ་བརྟེན་ནས་ངོ་རྒོལ་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།