ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཁི་ལུང་གིས་གཏམ་བཤད་སྤེལ་ཏེ་ཁ་བྲལ་རིང་ལུགས་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སི་སྤྱི་མཐུན་རྒྱལ་ཁབ་གསུམ་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་དང་ལྔ་བཅུར་འགོར་བའི་སྐབས་སུ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཞི་ཉིན་ཕཱ་རེ་སིའི་སྔོན་གཤེགས་མཁས་པའི་མཆོད་ཁང་ནས་གཏམ་བཤད་སྤེལ་ཏེ། ཧྥ་རན་སིའི་ཁ་བྲལ་རིང་ལུགས་ཀྱི་སྟོབས་ཤུགས་ལ་རྒོལ་གཏམ་བཏང་། 

མཱ་ཁི་ལུང་གིས་བཤད་རྒྱུར། ཁ་བྲལ་རིང་ལུགས་ཀྱི་བྱ་སྤྱོད་གང་རུང་ལ་བཟོད་བསྲན་གཏན་ནས་བྱེད་མི་སྲིད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཧྥ་རན་སི་རྒྱལ་ནང་གི་ཁ་བྲལ་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཧྥ་རན་སི་ཡིས་ད་ལོའི་སྟོན་ཁར་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ཞིག་འདོན་རྒྱུ་ཡིན་ཟེར། 

མཱ་ཁི་ལུང་གིས་བསྟན་དོན། ཉེན་རྟོག་པ་དང་ཁྲིམས་དཔོན། མཁར་གྲོང་གི་དཔོན་པོ་སོགས་ཀྱིས་དྲག་ཤུགས་ནག་ཉེས་དང་རིགས་རྒྱུད་རིང་ལུགས་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་བཞིན་ཡོད། བདེ་སྲུང་མི་སྣ་དང་མཁར་གྲོང་གི་དཔོན་པོར་འཇབ་རྒོལ་བྱེད་པའི་བྱ་སྤྱོད་ལ་ངེས་པར་དུ་ཆད་གཅོད་ནན་མོ་བྱེད་དགོས་ཟེར། 

མཱ་ཁི་ལུང་གིས་གཏམ་བཤད་སྤེལ་སྐབས་ད་རུང་འབག་སྐུར་གཏོར་བརླག་བྱེད་པའི་བྱ་སྤྱོད་གླེང་། ཁོས་བཤད་རྒྱུར། ཧྥ་རན་སི་ཡིས་འབག་སྐུ་གཏོར་ལེན་བྱེད་མི་སྲིད། རྒྱུ་མཚན་ནི་འབག་སྐུ་ནི་ལོ་རྒྱུས་ཀྱི་རྟེན་ཡིན་པས། ལོ་རྒྱུས་ཁག་ཅིག་གདམ་གསེས་བྱེད་མི་རུང་བར་ལོ་རྒྱུས་ཆ་ཚང་ཉར་འཇོག་བྱེད་དགོས་ཟེར། 

ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། མཱ་ཁི་ལུང་གི་ཐེངས་འདིའི་གཏམ་བཤད་ནི་དེའི་སྔོན་ཆོས་ལུགས་ཁ་བྲལ་རིང་ལུགས་ལ་དམིགས་པའི་གཏམ་བཤད་ཀྱི་རྒྱུན་མཐུད་ཡིན་པར་འདོད། མཱ་ཁི་ལུང་གིས་ཟླ་གཉིས་པར་ཧྥ་རན་སིའི་ཤར་ཕྱོགས་གྲོང་ཁྱེར་མུསུ་ལུའུ་སི་ནས་གཏམ་བཤད་སྤེལ་ཏེ། ཕྱི་རྒྱལ་གྱིས་ཧྥ་རན་སིའི་ཆོས་ལུགས་ཆོ་ག་སྤེལ་ས་རེ་འགར་ཆོས་པ་མངག་གཏོང་བྱས་ནས་འཆད་ཁྲིད་བྱེད་དུ་འཇུག་པའི་ལམ་ལུགས་མཇུག་སྒྲིལ་བ་དང་། ཕྱི་རྒྱལ་གྱིས་ཧྥ་རན་སིའི་ཆོས་ལུགས་ཆོ་ག་སྤེལ་ས་རེ་འགའི་རོགས་སྐྱོར་མཚམས་འཇོག་དགོས་ཟེར། དམིགས་ཡུལ་ནི་ཕྱི་རྒྱལ་གྱི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་ནས་མི་ཚང་མས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱེད་པར་ཁག་ཐེག་བྱེད་པའི་ཆེད་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།