ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཟླ་བཅུ་གཅིག་པ་ནས་བཟུང་ཕྱི་རྒྱལ་ཚོང་རར་ཨུ་རུ་སིའི་མངའ་ཁོངས་ནས་ཐོན་སྐྱེད་བྱས་པའི་རིམས་ནད་འགོག་སྨན་འདོན་སྤྲོད་ཐུབ་པའི་རེ་བ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན།  ཨུ་རུ་སིའི་ཐད་ཀར་དངུལ་གཏོང་ཐེབས་རྩ་ཚོགས་པའི་ཙུང་ཚེ་ཏི་མུས་ཐི་ལི་ཡེ་ཧྥུའུ་ཡིས་ཚེས་བཞི་ཉིན་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཟླ་བཅུ་གཅིག་པ་ནས་བཟུང་ཕྱི་རྒྱལ་ཚོང་རར་ཨུ་རུ་སིའི་མངའ་ཁོངས་ནས་ཐོན་སྐྱེད་བྱས་པའི་རིམས་ནད་འགོག་སྨན་འདོན་སྤྲོད་ཐུབ་པའི་རེ་བ་ཡོད་ཟེར། 

ཏི་མུས་ཐི་ལི་ཡེ་ཧྥུའུ་ཡིས་བཤད་རྒྱུར། མིག་སྔར་པཱ་ཞི་དང་ཨེ་ཅིབ། རྒྱ་གར། ཝུའུ་ཙི་པེ་ཁི་སི་ཐན། མའོ་ཞི་ཁོ། ཨ་ཀིན་ཐིན་དང་བཅས་པའི་རྒྱལ་ཁབ་བཞི་བཅུ་ལྷག་ཨུ་རུ་སིའི་པྲོག་གསར་ནད་དུག་གི་འགོག་སྨན་ཉོ་བར་སྤྲོ་བ་ཡོད་ཀྱང་། ཨུ་རུ་སི་ཡིས་འགོག་སྨན་ཐོན་སྐྱེད་བྱེད་པའི་ནུས་པས་ཐོག་མར་རྒྱལ་ནང་ཚོང་རའི་དགོས་མཁོ་བསྐང་ཐུབ་པ་ཙམ་ཡིན་ཟེར།
ཏི་མུས་ཐི་ལི་ཡེ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཐད་ཀར་དངུལ་གཏོང་ཐེབས་རྩ་ཚོགས་པས་རྒྱལ་ཁབ་གཞན་པའི་བར་པྲོག་གསར་ནད་དུག་གི་འགོག་སྨན་ཕྱིར་གཏོང་བྱེད་པར་གྲོས་མོལ་བྱེད་བཞིན་ཡོད། མིག་སྔར་ཨུ་རུ་སི་ཡིས་རྒྱ་གར་བར་གྲོས་མཐུན་བཀོད་དེ། རྒྱ་གར་གྱིས་ལོ་རེར་ཨུ་རུ་སིའི་པྲོག་གསར་ནད་དུག་གི་འགོག་སྨན་དུང་ཕྱུར་གསུམ་རེ་ཐོན་སྐྱེད་བྱེད་རྒྱུ་རེད་ཟེར། 

ཉིན་དེར་ཏི་མུས་ཐི་ལི་ཡེ་ཧྥུའུ་ཡིས་ད་རུང་བསྟན་དོན། པྲོག་གསར་ནད་དུག་གི་དུས་རིམ་དང་པོ་དང་དུས་རིམ་གཉིས་པའི་ཚོད་ལྟའི་གཞི་གྲངས་ཧྥེ་ལེ་པེན་འཕྲོད་བསྟེན་པུའུ་ལ་བསྐུར་ཡོད་ལ། ཁོ་ཚོས་ཞིབ་འཇུག་བྱེད་བཞིན་ཡོད། ང་ཚོས་ཟླ་དགུ་བར་ཧྥེ་ལེ་པེན་ནས་པྲོག་གསར་ནད་དུག་གི་འགོག་སྨན་ཚོད་ལྟ་བྱེད་ཐུབ་པར་རེ་ཡོད། དེ་ལས་གཞན་ཚོད་དཔག་བྱས་ན་ཟླ་དགུ་བར་སོ་ཏི་ཨ་རབ་ནས་པྲོག་གསར་ནད་དུག་གི་འགོག་སྨན་ཚོད་ལྟ་བྱེད་རྩིས་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཉིན་དེར་ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་དང་མའོ་སི་ཁོ་གྲོང་ཁྱེར་གྱི་ཧྲི་ཀྲང་སོ་པུས་ཡཱ་ཉིན་གཉིས་ཀྱིས་རང་ཉིད་ལ་པྲོག་གསར་ནད་དུག་གི་འགོག་སྨན་བརྒྱབ་ཡོད་པ་ཁྱབ་སྒྲོག་བྱས། །


རྩོམ་སྒྲིག་པ། : བདེ་ལེགས་མཚོ།