ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱི་ཙུང་ཐུང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་འཐུས་མིས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་གསུམ་ཉིན། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ལི་པུ་ཡཱའི་གནས་བབ་དང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་སོགས་ཀྱི་ཐད་ནས་གྲོས་བསྡུར་བྱས། 

ཨེ་ཅིབ་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལཱ་ཏིས་ཀྱིས་སྤེལ་བའི་གསལ་སྒྲོག་ལྟར་ན། སེ་ཞི་ཡིས་གྲོས་མོལ་བྱེད་སྐབས་ཨེ་ཅིབ་ཀྱིས་ཆབ་སྲིད་བྱེད་ཐབས་ལ་བརྟེན་ནས་ལི་པུ་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་དང་དམངས་དམག་དྲག་ཆས་པས་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་བཞིན་པ་བསྐྱར་སྒྲོག་བྱས། དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་ལི་པུ་ཡཱའི་ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར། 

ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ནས་སེ་ཞི་དང་པའོ་ལོས་ལེ་གཉིས་ཀྱིས་བལྟས་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཅིག་གྱུར་འགུལ་སྐྱོད་སྤེལ་ཏེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་གྲོས་མོལ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་ཡོད་ཟེར། ཕྱོགས་གཉིས་ཀྱིས་བསྟན་དོན། རྒྱལ་སྤྱིའི་རྩ་དོན་གཞིར་བཟུང་སྟེ་དྲང་བདེན་དང་ཕྱོགས་ཡོངས་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱས་ནས། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས། དར་རྒྱས་བཅས་མངོན་འགྱུར་བྱེད་དགོས་ཟེར།  

པའོ་ལོས་ལེ་ཡིས་ཨེ་ཅིབ་ཀྱིས་དབུས་ཤར་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བཏོན་པའི་ནུས་པར་གཟེངས་བསྟོད་བྱས་པ་དང་། ཨེ་ཅིབ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐབ་ཇུས་གྲོགས་པོ་གལ་ཆེན་ཡིན་པ་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་ད་རུང་བསྐྱར་དར་རགས་ཆེན་གྱི་གནད་དོན་ལ་གྲོས་བསྡུར་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།