ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ཨ་རིའི་བྱ་སྤྱོད་འདིས་ཀྲུང་ཨ་བར་གྱི་སྤེལ་རེས་ལ་གཏོར་བརླག་གཏོང་རྒྱུ་ཡིན་པར་བརྗོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་སློབ་ཆེན་ཞིག་གིས་ཀྲུང་གོའི་གཞུང་གྲོན་བཏང་བའི་ཕྱི་འགྲིམས་སློབ་མ་མངའ་ཁོངས་ལས་འབྲལ་དགོས་པའི་བླང་བྱ་བཏོན་པར་དམིགས་ནས། ཚེས་1ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། ཨ་རིས་སྔར་ལས་དཔྱོད་ཤེས་དང་ལྡན་པར་ཀྲུང་ཨའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་ཤེས་རྟོགས་ལེགས་པོ། སྔར་བས་མཛའ་འབྲེལ་མཉམ་ལས་བཅས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད། 

ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཐྲེ་ཁི་སཱ་སི་བྱང་མའི་མངའ་སྡེའི་སློབ་ཆེན་གྱིས་ཟླ་8ཚེས་26ཉིན་ཀྲུང་གོའི་རྒྱལ་ཁབ་ཕྱི་འགྲིམས་ཐེབས་རྩ་དོ་དམ་ཨུ་ལྷན་དང་མཉམ་ལས་ཀྱི་འབྲེལ་བ་མཚམས་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཐེབས་རྩ་ཨུ་ལྷན་གྱི་ཁ་གསབ་རོགས་དངུལ་ལེན་པའི་གཞུང་གྲོན་ཞིབ་འཇུག་པའི་ཐོངས་མཆན་ཕྱིར་འཐེན་བྱ་དགོས་པའི་བླང་བྱ་བཏོན་པ་དང་ཁོང་ཚོ་ཟླ་བ་གཅིག་གི་ནང་མངའ་ཁོངས་ནས་ཁ་འབྲལ་དགོས་པའི་བླང་བྱ་བཏོན་པ་རེད། ཁྱེད་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར། 

ཧྭ་ཁྲུན་ཡིང་གིས་འབྲེལ་ཡོད་གནས་ཚུལ་གལ་སྲིད་བདེན་པ་ཡིན་ན། དེ་ནི་དུས་སྐབས་ཤིག་རིང་ཨ་རིས་ཀྲུང་གོ་དང་ཨ་རིའི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་གཏོར་བཤིག་གཏོང་བའི་དཔེ་མཚོན་གཞན་ཞིག་རེད། “གནས་ཚུལ་དེ་ཨ་རིའི་རྒྱལ་ནང་གི་མི་ཁ་ཤས་ཀྱིས་དོ་ཁུར་དང་སྐྱོན་བརྗོད་བྱས་པ་ངས་ཀྱང་དོ་སྣང་བྱུང”ཞེས་བརྗོད།

ཁོ་མོས་ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་41སོང་རིང་། ཕྱི་འགྲིམས་སློབ་མའི་སྤེལ་རེས་ཚུད་པའི་ཀྲུང་ཨའི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་ཤེས་རྟོགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཀྲུང་ཨའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ལ་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་ཡང་ཐོན་ཡོད། དུས་ཡུན་རིང་པོའི་ནང་ཀྲུང་གོའི་ཕྱི་འགྲིམས་སློབ་མ་དང་ཆེད་མཁས་པ་ཚོས་ཨ་རིའི་ཚན་རྩལ་གསར་གཏོད་དང་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་གཞི་གྲངས་ལས་མངོན་པར་གཞིགས་ན། ཨ་རིར་ཡོད་པའི་ཀྲུང་གོའི་འགྲིམས་སློབ་མ་ནི་ཨ་རིའི་ཕྱི་འགྲིམས་སློབ་མ་ཡོངས་ཀྱི་གསུམ་ཆ་གཅིག་ཟིན་པ་དང་ལོ་རེར་ཨ་རིར་ཨ་སྒོར་དུང་ཕྱུར་150ལས་བརྒལ་བའི་སྐྱེས་ཕུལ་བཞིན་ཡོད་ཅེས་བརྗོད།

ཧྭ་ཁྲུན་ཡིང་གིས་“ཡིན་ནའང་བློ་ཕམ་དགོས་པ་ཞིག་ནི་དུས་སྐབས་ཤིག་རིང་། ཨ་རིའི་ནང་ཁུལ་གྱི་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཐལ་སྐྱོད་པའི་སྟོབས་ཤུགས་ཁ་ཤས་ཀྱིས་མི་སྒེར་གྱི་ཆབ་སྲིད་ཁེ་ཕན་དང་ཀྲུང་གོའི་འཕེལ་རྒྱས་ལ་རྡུང་རྡེག་དང་བཀག་འགོག་བྱེད་པའི་འཐབ་ཇུས་ཀྱི་དགོས་མཁོར་དམིགས་ཏེ། ངན་སེམས་ཁོག་བཅངས་ཀྱིས་བགྲང་ལས་འདས་པའི་རྫུན་གཏམ་བཟོས་ནས་ཀྲུང་གོའི་ཕྱི་འགྲིམས་སློབ་མའི་མིང་བརྫད་ཅིང་བདུད་འདྲེ་ཅན་དུ་བསྒྱུར་ཡོད། ཉེས་མེད་ཉེས་འགེལ་དང་ཐ་ན་ཁྲིམས་འཛིན་གྱི་སྟོབས་ཤུགས་སྤྱད་དེ་ཨ་རིར་ཡོད་པའི་ཀྲུང་གོའི་ཕྱི་འགྲིམས་སློབ་མར་ངན་སེམས་བཅངས་ནས་རྡུང་རྡེག་བཏང་འདུག་”ཅེས་བཤད་པ་དང་། “གནས་ཚུལ་དེ་འདྲའི་འོག་ད་དུང་ཀྲུང་གོའི་ཁྱིམ་བདག་ག་ཚོད་ཀྱིས་བློ་བདེ་པོའི་ངང་རང་ཉིད་ཀྱི་ཕྲུ་གུ་ཨ་རིར་སློབ་སྦྱོང་ལ་མངགས་ཕོད་པ་ངས་མི་ཤེས”ཞེས་བརྗོད་པ་རེད།

“སྒོ་དབྱེ་དང་། ཁོང་ཡངས། སྣ་མང་བཅས་ནི་ཨ་རིའི་རྒྱལ་ཁབ་འཛུགས་པའི་གཞི་རྩ་དང་རྨང་གཞི་ཡིན།  འོན་ཀྱང་ད་ཆ་འཛམ་གླིང་ཡོངས་ཀྱིས་མཐོང་བའི་ཨ་རི་ནི་རྦད་དེ་མི་འདྲ་བར་གང་སར་བཀག་སྡོམ་དང་། འཁོན་འཛིན། ཕྱིར་འབུད་བཅས་བྱེད་ཀྱི་ཡོད་”ཅེས་ཧྭ་ཁྲུན་ཡིང་གིས་བཤད།

ཁོ་མོས་སྒོ་དབྱེ་བས་གོང་འཕེལ་དང་། བཀག་སྡོམ་བྱས་ན་རྗེས་སུ་ལུས་ངེས་ཡིན་པ་དེ་ནི་ལོ་རྒྱུས་ཀྱི་བསླབ་བྱ་གཏིང་ཟབ་ཅིག་རེད། ཨ་རིས་དེ་བས་དཔྱོད་ཤེས་དང་ལྡན་པའི་ངང་ཀྲུང་ཨའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་ཤེས་རྟོགས་ལེགས་པོ། སྔར་བས་མཛའ་འབྲེལ་མཉམ་ལས་བཅས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་དང་། “གལ་ཏེ་ཨ་རི་ཕྱོགས་ཀྱིས་རང་འདོད་ཁེར་སྒྲུབ་བྱས་ན། མཐར་གནོད་འཚེ་ཕོག་ས་ནི་ཨ་རི་རང་ངོས་ཀྱི་ཁེ་ཕན་ཡིན་ངེས་རེད”ཅེས་བརྗོད་པ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།