ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་གྱིས་སྲིད་གཞུང་གི་ཙུང་ལི་གསར་བ་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་ཨ་ཏིས་པུའུ་ཙུང་ལི་གསར་བར་བསྐོ་འཇོག་བྱས་པར་མ་ཟད། ཁོར་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ། 

ཨོ་ཨིན་གྱིས་ཉིན་དེའི་སྔ་དྲོར་གྲོས་ཁང་གི་ཕྱོགས་སོ་སོའི་བར་ཙུང་ལི་གསར་བའི་འདེམ་སྒུག་མི་སྣའི་ཐད་ནས་གྲོས་མོལ་བྱས་པ་དང་། ཨ་ཏིས་པུའུ་ལ་གྲོས་ཁང་གི་ལས་གནས་བརྒྱ་དང་ཉེར་བརྒྱད་ཁྲོད་ཀྱི་ལས་གནས་དགུ་བཅུའི་རྒྱབ་སྐྱོར་ཐོབ་ཡོད་པས། ཨོ་ཨིན་གྱིས་དེའི་རྗེས་སུ་ཨ་ཏིས་པུའུ་ཙུང་ལི་གསར་བར་བསྐོ་འཇོག་བྱས། 

ཨ་ཏིས་པུའུ་བསྐོ་འཇོག་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གང་མགྱོགས་སྒོས་སྲིད་གཞུང་གསར་བ་རྩ་འཛུགས་བྱས་ཏེ། མྱུར་མོར་དགོས་ངེས་ཀྱི་བཅོས་བསྒྱུར་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། ཁོས་ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་མཐུན་སྒྲིལ་མཉམ་ལས་བྱས་ནས། མཉམ་དུ་ལེ་པཱ་ནུན་གྱི་དར་རྒྱས་སླར་གསོ་བྱེད་པར་བརྩོན་པ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨ་ཏིས་པུའུ་ད་ལོར་ལོ་ཞེ་བརྒྱད་ཉིན་པ་དང་། ཉིས་སྟོང་བཅུ་གཅིག་ལོ་ནས་ཉིས་སྟོང་བཅུ་གསུམ་ལོའི་བར་སྔོན་ཆད་ཀྱི་ཙུང་ལི་མུས་ཁཱ་ཐིས་ཀྱི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་མྱོང་། ཉིས་སྟོང་བཅུ་གསུམ་ལོ་ནས་བཟུང་འཇར་མན་དུ་སྡོད་པའི་ལེ་པཱ་ནུན་གཞུང་ཚབ་ཆེན་མོའི་འགན་ཁུར། 

ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐིའི་གྲུ་ཁ་ས་ཁུལ་དུ་ཟླ་བརྒྱད་པའི་ཚེས་བཞི་ཉིན་འགས་གཏོར་ཆེན་པོ་བྱུང་བ་ལས་ཉུང་མཐར་ཡང་མི་བརྒྱ་དང་དགུ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དྲུག་དང་ལྔ་བརྒྱ་ལྷག་ལ་རྨས་ཕོག སྐབས་དེའི་ཙུང་ལི་ཏིས་ཡཱ་པུའུ་ཡིས་ཟླ་བརྒྱད་པའི་ཚེས་བཅུ་ཉིན་སྲིད་གཞུང་གིས་མཉམ་དུ་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།