ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་བདེ་ཐང་གནད་དོན་དབང་གིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ༡.jpg

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ཏུང་ཅིན་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། 

༢.jpg

ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ཏུང་ཅིན་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་སྐབས་གུས་འདུད་ཞུས། 

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། བདེ་ཐང་གནད་དོན་དབང་གིས་དབུ་བཞུགས་བློན་ཆེན་གྱི་ལས་འགན་བསྐྱུར་རྒྱུ་དངོས་སུ་ཁྱབ་སྒྲོག་བྱས་པར་མ་ཟད། རྒྱུན་འཛིན་པ་བདམས་ཐོན་འབྱུང་རག་བར་མུ་མཐུད་དུ་དབུ་བཞུགས་བློན་ཆེན་གྱི་ལས་འགན་ལག་བསྟར་བྱེད་རྒྱུའི་ཚུལ་བསྟན། 

ཨན་པའེ་ཅིན་སན་གྱིས་བསྟན་དོན། རང་ཉིད་ཚེས་ཉེར་བཞིའི་ཉིན་སྨན་ཁང་དུ་སོང་ནས་ལུས་ཕུང་བརྟག་དཔྱད་མཇུག་འབྲས་ལ་ཉན་ནས་ཞིབ་བཤེར་མང་བོ་དང་ལེན་བྱས་རྗེས་ལས་ཁུར་དགོངས་ཞུ་བྱེད་རྒྱུའི་ཆོད་སེམས་བསྟན་པ་ཡིན། ངས་བསམ་ན་གལ་ཏེ་རྒྱལ་དམངས་ཀྱི་ངག་བཅོལ་ཡོངས་འགྲུབ་ཐུབ་པར་ཡིད་ཆེས་མེད་ན། དབུ་བཞུགས་བློན་ཆེན་གྱི་གོ་གནས་སུ་སྡོད་མི་རུང་བས། བདག་གིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར། 

ཨན་པའེ་ཅིན་སན་གྱིས་ཉིས་སྟོང་བཅུ་གཉིས་ལོར་ཡང་བསྐྱར་སྲིད་བཟུང་བའི་ཚུན་གྱི་བྱ་བར་ཕྱིར་དྲན་བྱས། ཁོས་བསྟན་དོན། རང་གི་འགན་ཡུན་ནང་འཇར་པན་དང་ཨུ་རུ་སིའི་ཞི་བདེའི་ཆིངས་ཡིག་འགོད་པ་དང་རྩ་ཁྲིམས་བཟོ་བཅོས་བྱེད་པ་སོགས་གནད་དོན་ཡོངས་འགྲུབ་བྱེད་མ་ཐུབ་པར་རང་ཉིད་སྐྱོ་གདུང་དྲག་པོ་སྐྱེས་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། ད་ལོའི་དགུན་ཁར་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་ལས་གཞན་ད་རུང་ཆམ་ནད་སོགས་སྔོན་འགོག་བྱེད་དགོས་པས་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཟེར། 

ཨན་པའེ་ཅིན་སན་ནི་གཅིག་སྟོང་དགུ་བརྒྱ་ང་བཞིའི་ལོར་སྐྱེས་པ་དང་། ཉིས་སྟོང་དྲུག་ལོའི་ཟླ་དགུ་བར་ཐོག་དང་པོར་འཇར་པན་གྱི་དབུ་བཞུགས་བློན་ཆེན་དུ་བདམས། ཕྱི་ལོའི་ཟླ་དགུ་བར་རྒྱབ་སྐྱོར་གྱི་ཚད་ལྡབ་འགྱུར་གྱིས་ཇེ་དམའ་རུ་སོང་བ་དང་རྒྱུ་མའི་གཉན་ཚད་དབང་གིས་ཨན་པའེ་ཅིན་སན་གྱིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པ་ནས་ད་ལྟའི་བར། ཨན་པའེ་ཅིན་སན་གྱིས་ཡང་བསྐྱར་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བ་རེད། ཐེངས་འདིའི་སྲིད་འཛིན་འགན་ཡུན་ནི་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་བའི་བར་ཡིན་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།