ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་དབྱི་རག་ལ་དམག་དོན་རྟེན་གཞི་ཞིག་བརྒྱུད་སྤྲོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཚེས་ཉེར་གསུམ་ཉིན་དབྱི་རག་བདེ་འཇགས་དམག་དཔུང་ལ་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་བྱང་ངོས་ཀྱི་ཐཱ་ཅི་དམག་དོན་རྟེན་གཞི་བརྒྱུད་སྤྲོད་བྱས། 

རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དེ་ནི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་དབྱི་རག་ལ་བརྒྱུད་སྤྲོད་བྱས་པའི་དམག་དོན་རྟེན་གཞི་བརྒྱད་པ་ཡིན་ལ། དབྱི་རག་བདེ་འཇགས་དམག་དཔུང་ལ་བརྒྱུད་སྤྲོད་བྱས་རྗེས། རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་དག་མ་འོངས་པའི་ཉིན་འགའི་ནང་རྟེན་གཞི་དེ་ལས་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར། 

དབྱི་རག་འཕྲིན་གཏོང་ཁང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་རག་དམག་ཕྱོགས་ཀྱི་འཐུས་མིས་ཉིན་དེར་རྒྱལ་སྤྱིའི་མནའ་འབྲེལ་གྱི་འཐུས་མིའི་བར་ཐཱ་ཅི་དམག་དོན་རྟེན་གཞི་བརྒྱུད་སྤྲོད་བྱེད་པའི་ཡིག་ཆ་བཀོད། 

ཐཱ་ཁི་དམག་དོན་རྟེན་གཞི་དེ་པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་ཉི་ཤུའི་མཚམས་སུ་ཡོད་པ་དང་། གནས་དེར་དབྱི་རག་དམག་དཔུང་ལ་སྦྱོང་བརྡར་བྱེད་པའི་འགན་ཁུར་བའི་ཨ་མེ་རི་ཁའི་དཔོན་དམག་བཅའ་སྡོད་བྱས་ཡོད། ཚེས་ཉི་ཤུ་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཝ་ཧྲིན་ཐོན་ནས་འཚམས་འདྲིར་ཡོང་བའི་དབྱི་རག་ཙུང་ལི་ཁཱ་ཏིས་མུས་ལ་ཐུག་འཕྲད་བྱེད་སྐབས། ཨ་མེ་རི་ཁའི་དམག་དཔུང་དབྱི་རག་ནས་ཕྱིར་འཐེན་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱས་ཀྱང་། དམག་དཔུང་ཕྱིར་འཐེན་གྱི་བྱེ་བྲག་གི་དུས་ཚོད་རེའུ་མིག་བཏོན་མེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།