ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་ཡིས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་སཱ་ལཱ་ཅེ་ཡིས་ཚེས་ཉེར་གཅིག་ཉིན་ལི་པུ་ཡཱའི་མངའ་ཁོངས་སུ་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པའི་བྱེད་ཐབས་ལག་བསྟར་བྱས་པ་ཁྱབ་སྒྲོག་བྱས་པར་མ་ཟད། སང་ལོའི་ཟླ་གསུམ་པར་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་། 

ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་ཀྱི་འགན་འཁྲི་དང་ཆབ་སྲིད་རྒྱུ་རྐྱེན། པྲོག་གསར་གློ་ཚད་རིམས་ནད། དེ་མིན་མིག་སྔའི་ལི་པུ་ཡཱའི་རྒྱལ་ཡོངས་དང་ས་ཁུལ་གྱི་གནས་ཚུལ་བཅས་ལ་གཞིགས་ཏེ། མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་དམག་དོན་སྟོབས་ཤུགས་ཚང་མས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན་པར་མ་ཟད་དགྲར་འཛིན་འགུལ་སྐྱོད་ཚང་མ་མཇུག་སྒྲིལ་དགོས་ཟེར། 

སཱ་ལཱ་ཅེ་ཡིས་གསལ་སྒྲོག་ནང་བསྟན་དོན། འཁྲུག་རྩོད་མཚམས་འཇོག་པའི་མཇུག་མཐའི་དམིགས་ཡུལ་ནི་ལི་པུ་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་མངོན་འགྱུར་བྱེད་པ་དང་། ཕྱི་རྒྱལ་གྱི་དམག་དཔུང་དང་གླས་དམག་དག་ལི་པུ་ཡཱ་ནས་ཕྱིར་འཐེན་བྱེད་དུ་འཇུག་པའི་ཆེད་དུ་ཡིན་ཟེར། ཁོས་སང་ལོའི་ཟླ་གསུམ་པར་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བའི་འབོད་སྐུལ་བཏང་། 

ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་དབྱེ་སཱ་ཡིས་ཀྱང་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ལི་པུ་ཡཱ་ནས་འཁྲུག་རྩོད་མཚམས་འཇོག་པ་དང་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཞོར་དུ་རྡོ་སྣུམ་གྱི་ཕྱིར་གཏོང་སླར་གསོ་བྱེད་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།