ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་འཇར་མན་དང་དབྱི་ལིང་ཞུགས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔའི་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་གང་མགྱོགས་སྒོས་དྲ་ཐོག་ནས་འཇར་མན་དང་དབྱི་ལིང་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔའི་མཐོ་རིམ་གྲོས་ཚོགས་བསྡུ་དགོས་པའི་གྲོས་གཞི་བཏོན་ཡོད་ཟེར། 

ཕུའུ་ཅིན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་ཁུལ་དུ་དབྱི་ལིང་གནད་དོན་ལ་དམིགས་པའི་གྲོས་བསྡུར་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་ཡོད་ཅིང་། དབྱི་ལིང་ལ་ཐལ་དྲགས་པའི་སྐྱོན་འཛུགས་ཐེབས་བཞིན་ཡོད་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་གཏོར་བརླག་ཐེབས་བཞིན་ཡོད་པས། ཨུ་རུ་སི་ཡིས་གང་མགྱོགས་སྒོས་དྲ་ཐོག་ནས་འཇར་མན་དང་དབྱི་ལིང་ཞུགས་པའི་མཉམ་འབྲེལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔའི་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུའི་གྲོས་གཞི་བཏོན་པ་ཡིན་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་གསུམ་གཅིག་པ་ནས་ཁས་ལེན་ཐོབ་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ལ་ནམ་ཡང་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནི་ཆབ་སྲིད་ཕྱི་འབྲེལ་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། དེ་དྲག་ཆས་འཁྲུག་རྩོད་སྔོན་འགོག་དང་ཉིང་རྡུལ་ནུས་པའི་རྒྱ་ཡན་དུ་མི་གཏོང་བའི་མ་ལག་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཡོད་པར་བསམ་ཡོད་ཟེར། ཕུའུ་ཅིན་གྱིས་ཕྱོགས་སོ་སོས་ཨུ་རུ་སིའི་གྲོས་གཞིར་བསམ་བློ་གང་ལེགས་བཏང་ནས། ཛ་དྲག་གི་གནས་བབ་དང་འཁྲུག་རྩོད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱིས་ཕྱོགས་སོ་སོའི་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་རོགས་ལས་བྱས་ཏེ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།