ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀིའི་མཚོ་དམག་གིས་དུག་རྫས་ཏུན་གཅིག་དང་གྲངས་ཆུང་གཉིས་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ལོ་ཀིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། མའོ་ལོ་ཀིའི་མཚོ་དམག་གི་ཁོངས་སུ་གཏོགས་པའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཉིན་དེར་བྱང་ངོས་ཀྱི་མཚོ་ཁོངས་ནས་དུག་རྫས་ཏུན་གཅིག་དང་གྲངས་ཆུང་གཉིས་རྩད་ཆོད། 

དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། མའོ་ལོ་ཀིའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་བྱང་ཕྱོགས་ཀྱི་ཏན་ཅི་ཨར་གྲོང་ཁྱེར་ཉེ་འདབས་ཀྱི་མཚོ་ཁོངས་སུ་སྐོར་ཞིབ་བྱེད་སྐབས་དུག་རྫས་ལྐོག་འཚོང་བྱེད་པའི་དོགས་ཡོད་གྲུ་གཟིངས་ཤིག་བཀག་ནས། གྲུ་སྟེང་ནས་དུག་རྫས་ཏུན་གཅིག་དང་གྲངས་ཆུང་གཉིས་རྙེད། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་འགུལ་སྐྱོད་ཁྲོད་དོགས་ཡོད་ཉེས་ཅན་གསུམ་འཛིན་བཟུང་བྱས། 

བསྒྲགས་པ་ལྟར་ན། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་དོགས་ཡོད་ཉེས་ཅན་དང་དུག་རྫས་ཚང་མ་འབྲེལ་ཡོད་སྡེ་ཁག་ལ་སྤྲོད་རྒྱུ་ཡིན་པ་དང་། མའོ་ལོ་ཀིའི་ཁྲིམས་འཛིན་སྡེ་ཁག་གིས་དོན་དེར་རྟོག་ཞིབ་གསལ་བོ་བྱེད་རྒྱུ་རེད། 

མའོ་ལོ་ཀིའི་ས་ཁུལ་རེ་འགར་ཁྲིམས་འགལ་གྱིས་དུག་རྫས་འདེབས་འཛུགས་བྱེད་པའི་གནས་ཚུལ་ཅུང་ཚབས་ཆེན་ཡིན་ཞིང་། འདས་པའི་ལོ་ངོ་བཅུ་ལྷག་གི་རིང་ལ། ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ཀྱི་འདེབས་འཛུགས་དང་ཉོ་ཚོང་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་ནས། དུག་རྫས་མང་བོ་རྩད་ཆོད་ཡོད། བསྒྲགས་པ་ལྟར་ན། མའོ་ལོ་ཀིའི་དུག་རྫས་མང་ཆེ་བ་ཡོ་རོབ་གླིང་དུ་ལྐོག་འཚོང་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།