ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་བྱང་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་སེར་དཀྱུས་མ་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། ཡེ་མིན་བྱང་ཕྱོགས་ཀྱི་ཅོ་ཧྥུའུ་ཞིང་ཆེན་དུ་ཉིན་དེར་འཐབ་འཛིང་གནམ་གྲུའི་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ཅོ་ཧྥུའུ་ཞིང་ཆེན་ནུབ་བྱང་ཕྱོགས་ཀྱི་སྡོད་ཁུལ་ཞིག་ལ་ཉིན་དེར་འཐབ་འཛིང་གནམ་གྲུའི་བར་སྣང་འཇབ་རྒོལ་ཐེབས་ཏེ། དམངས་ཀྱི་སྡོད་ཁང་གསུམ་ལ་གཏོར་བཤིག་ཐེབས་པ་དང་། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར། དེའི་ནང་བྱིས་པ་བདུན་འདུས། གཞན་ཡང་མི་བཅུ་གཉིས་ལ་རྨས་ལྗིད་མོ་ཕོག་ཡོད་ཟེར། 

ཅོ་ཧྥུའུ་ཞིང་ཆེན་གྱི་སྨན་བཅོས་མི་སྣས་གསར་འགོད་པར་བཤད་རྒྱུར། རྨས་མ་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད་ཟེར། 

ཡེ་མིན་ཧུའུ་སེ་དྲག་ཆས་པས་ཉིན་དེར་རང་གིས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་བརྒྱུད་དེ་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཐེངས་འདིའི་བར་སྣང་འཇབ་རྒོལ་དོན་རྐྱེན་བཟོས་པ་ཡིན་ཟེར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་དོན་དེར་ལན་ཅི་ཡང་བཏབ་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།