ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཨ་མེ་རི་ཁའི“འཇིགས་སྐུལ་རྩ་འཛུགས”འཛིན་བཟུང་བྱ་རྒྱུའི་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་གཅིག་ཉིན། དབྱི་ལིང་གིས་སྤྱི་ཁྱབ་པུའུ་ཡི་འཕྲིན་ཡིག་ལ་གཞིགས་ནས་ཨ་མེ་རི་ཁར་བཙུགས་པའི“འཇིགས་སྐུལ་རྩ་འཛུགས”ཀྱི་འགོ་གཙོ་ཞིག་འཛིན་བཟུང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། འཇིགས་སྐུལ་རྩ་འཛུགས་ཀྱི་འགོ་གཙོ་དེ་ནི་ཉིས་སྟོང་བརྒྱད་ལོའི་དབྱི་ལིང་ལྷོ་རྒྱུད་ཀྱི་གྲོང་ཁྱེར་ཐུའུ་ལ་ཙེ་དབྱི་སི་ལམ་ཆོས་ཁང་འབར་གས་དང་དེ་བཞིན་ཉེས་དམིགས་མ་གྲུབ་པའི་འཇབ་རྒོལ་དོན་རྐྱེན་བཟོ་བའི་ལྐོག་ཇུས་འདོན་མཁན་གཙོ་བོ་ཡིན་པ་རེད།

དབྱི་ལིང་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་ཉིན་དེར་དབྱི་ལིང་གི་གསང་འཕྲིན་དང་བདེ་འཇགས་པུའུ་ཡི་གསལ་བསྒྲགས་ཤིག་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཀྱི་འགོ་གཙོ་ཅ་མུའུ་ཞི་ཏེ·ཧྲའར་མ་ཧོ་ཏེ་དབྱི་ལིང་གི་བདེ་འཇགས་དཔུང་སྡེས་འཛིན་བཟུང་བྱས་པ་རེད། ཁོས་དབྱི་ལིང་གི་མངའ་ཁོངས་སུ་དྲག་ཆས་དང་གཏོར་བརླག་བྱ་འགུལ་སྤེལ་བར་དོགས་པ་ཡོད། གསལ་བསྒྲགས་ནང་ཨ་མེ་རི་ཁའི་ཧྲ་ཨར་མ་ཧོ་ཏེས་ཇི་ལྟར་བྱས་པ་དང་དེ་བཞིན་ག་དུས་འཛིན་བཟུང་བྱས་པའི་སྐོར་གླེང་མེད།

ལ་ཙིར་བཙུགས་པའི་དབྱི་སི་ལམ་ཆོས་ཁང་ཞིག་ལ་ཉིས་སྟོང་བརྒྱད་ལོའི་ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་འབར་གས་བྱུང་བ་རེད། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་ཉིས་བརྒྱ་ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད། དབྱི་ལིང་སྲིད་གཞུང་གིས་འབར་གཏོར་འཇབ་རྒོལ་དེ་ནི“ཐོག་བརྒྱབ་པ”དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱས་ཡོད། དབྱི་ལིང་ཕྱོགས་ཀྱི་བཤད་ཚུལ་ལྟར་ན། “གློག་འཁྱུག་ཐོག་རྒྱག”སྤྱི་ཁྱབ་པུའུ་ཨ་མེ་རི་ཁའི་ཅ་ལི་ཕུའུ་ཉི་ཡ་མངའ་སྡེ་རུ་བཙུགས་ནས། དེས་དབྱི་ལང་སྲིད་གཞུང་མགོ་རྟིང་སློག་རྒྱུའི་རེ་ངན་བཅངས་ཡོད་ཟེར།

ཧྥ་རན་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་ལིང་ཕྱོགས་ཀྱིས་ཉིས་སྟོང་དགུ་ལོ་དང་ཉིས་སྟོང་བཅུ་ལོར་དབྱི་སི་ལམ་ཆོས་ཁང་གི་འབར་གས་དོན་རྐྱེན་བཟོ་བའི་ནང་ཞུགས་མཁན་ཁྱོན་མི་ལྔ་ཐག་གཅོད་བྱས་པ་རེད།

འགས་གཏོར་དོན་རྐྱེན་འདི་ཕུད། དབྱི་ལིང་གི་གསང་འཕྲིན་དང་བདེ་འཇགས་པུའུ་ཡིས་ད་དུང་ཉིས་སྟོང་བཅུ་ལོའི་དབྱི་ལིང་གི་དེ་སྔའི་ཆེས་མཐོའི་གཙོ་འཛིན་ཨ་ཡ་ཐུའུ་ལ་ལུའུ་ཧོ་ལ·ཧོ་མེ་ཉི་བང་སོ་འབར་གས་ཀྱི་དོན་རྐྱེན་བཟོས་ནས། ལཱ་ཙེའི་ཆུ་རགས་ཆེན་པོ་གཅིག་དང་ཐེ་ཧེ་རན་ལོ་འཁོར་གྱི་དཔེ་དེབ་འགྲེམས་སྟོན་ལ་འབར་གས་ཀྱི་འཇབ་རྒོལ་བྱ་རྒྱུའི་ཇུས་འགོད་བྱས་པར་ངོས་འཛིན་བྱེད་ཀྱིན་ཡོད།

ཉིས་སྟོང་བཅོ་ལྔ་ལོར་དབྱི་ལིང་གིས་ཨ་མེ་རིཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སུ། ཀྲུང་གོ འཇར་མན་བཅས་དང་དབྱི་ལིང་གི་ཉིང་རྡུལ་གནད་དོན་ཐད་ཕྱོགས་ཡོངས་ནས་གྲོས་མཐུན་བཞག་ཡོད། ཨ་མེ་རི་ཁས་ཉིས་སྟོང་བཅོ་བརྒྱད་ལོར་ཕྱོགས་རྐྱང་པས་གྲོས་མཐུན་དེ་ཕྱིར་འཐེན་བྱས་པར་མ་ཟད། དབྱི་ལིང་གི་བཀག་སྡོམ་སླར་གསོ་དང་བསྐྱར་སྣོན་བྱས་ཏེ་ཨ་མེ་རི་ཁ་དང་དབྱི་ལིང་གི་འགྲན་རྒོལ་ཇེ་དྲག་ཏུ་སོང་། ད་ལོའི་ལོ་འགོར་ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་ལིང་གི་མཐོ་རིམ་དམག་དཔོན་ཁ་ཤིས་མུའུ·སུའུ་ལའེ་མན་ཉི་ལིང་འཇབ་རྒོལ་བྱས་ཏེ་བསད་པར་བརྟེན། དབྱི་ལིང་དང་ཨ་མེ་རི་ཁའི་ཛ་དྲག་གི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཡོད།

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཨ་ཡ་ཐུའུ་ལ་ཨ་ལི་·ཧ་མེ་ནེ་དབྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བཤས་གཏོང་དུས་ཆེན་གྱི་རྒྱལ་ཡོངས་བརྙན་འཕྲིན་གསུང་བཤད་ནང་། ཨ་མེ་རི་ཁས་དབྱི་ལིང་ལ་བཀག་སྡོམ་བྱས་པ་དེ་ནི“ཉེས་གསོག”བྱས་པ་ཞིག་རེད། དབྱི་ལིང་གིས་མདེལ་ལམ་འཕུར་མདའ་དང་དེ་བཞིན་ཉིང་རྡུལ་གནད་དོན་ཐད་ཨ་མེ་རི་ཁ་དང་གྲོས་མོལ་བྱེད་མི་སྲིད་པར་མ་ཟད། དབྱི་ལིང་བས་ཨ་མེ་རི་ཁ་ཕྱོགས་ཀྱི་གནོན་ཤུགས་ལ་འགོག་རྒོལ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།