ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་གི་གྱེན་འཕུར་གནམ་གྲུས་སི་རི་ཡཱའི་དམག་དོན་དམིགས་འབེན་མང་བོར་འགས་གཏོར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གི་གྱེན་འཕུར་གནམ་གྲུས་ཉིན་དེའི་དགོང་མོར་སི་རི་ཡཱའི་ལྷོ་ཕྱོགས་ཀྱི་དམག་དོན་དམིགས་འབེན་མང་བོར་འགས་གཏོར་བཏང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེའི་ཞོགས་པར་སི་རི་ཡཱ་ཡིས་དབྱི་སི་རལ་གྱིས་ཚོད་འཛིན་བྱེད་པའི་ཀི་ལན་མཐོ་སྒང་དུ་མེ་སྒྱོགས་གཏོང་འཕེན་བྱས་ཏེ། དབྱི་སི་རལ་དང་སི་རི་ཡཱའི་མཐའ་མཚམས་སུ་ཉེ་བའི་དབྱི་སི་རལ་ཕྱོགས་སུ་འགས་གཏོར་བཏང་ནས་དམངས་ཀྱི་སྡོད་ཁང་ཞིག་དང་རླངས་འཁོར་ཞིག་ལ་གཏོར་བརླག་ཐེབས་ཡོད་ཀྱང་མི་སྣར་ཤི་རྨས་བྱུང་མེད། དེའི་ལན་དུ་དབྱི་སི་རལ་དམག་དཔུང་གིས་ཉིན་དེའི་དགོང་མོར་དྲག་ཆས་གྱེན་འཕུར་གནམ་གྲུ་མངག་ནས་སི་རི་ཡཱའི་ལྷོ་ཕྱོགས་ཀྱི་སི་རི་ཡཱའི་དྲག་ཆས་དམག་དཔུང་ལ་དབང་བའི་དམག་དོན་དམིགས་འབེན་མང་བོར་འགས་གཏོར་བཏང་བ་རེད་ཟེར། 

གཞན་ཡང་སི་རི་ཡཱའི་དམག་ཕྱོགས་མི་སྣས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དྲག་ཆས་གྱེན་འཕུར་གནམ་གྲུ་མང་བོས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་སི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཁུའུ་ནེ་ཐི་ལཱ་ཞིང་ཆེན་གྱི་དམག་དོན་དམིགས་འབེན་གསུམ་ལ་འཕུར་མདའ་གཏོང་འཕེན་བྱས་ཏེ། དམག་མི་གཉིས་ལ་རྨས་ཡང་མོ་ཕོག་པ་དང་། འགས་གཏོར་ལས་ནགས་ཚལ་ཁྲོད་མེ་སྐྱོན་ཆེན་པོ་བྱུང་ཡོད་ཟེར། 

ཟླ་འདིའི་ཚེས་ཉི་ཤུ་ཉིན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ལྷོ་ངོས་ས་ཁུལ་དུ་འཕུར་མདའ་མང་བོ་གཏོང་འཕེན་བྱས་ཏེ་མི་མང་བོར་ཤི་རྨས་ཐེབས་ཡོད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།