ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་སྲིད་གཞུང་གིས་ཉིན་རེའི་རིམས་ནད་ཀྱིས་ཤི་བའི་གཞི་གྲངས་གསར་པ་གནས་སྐབས་སུ་ཁྱབ་བསྒྲགས་བྱེད་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་སྲིད་གཞུང་གིས་ཚེས་བཅོ་བརྒྱད་ཉིན། ཉིན་རེའི་པྲོག་དབྱིབས་ནད་དུག་གསར་པ་ཕོག་ནས་ཤི་བའི་ནད་དཔེ་ཁྱབ་བསྒྲགས་བྱེད་མཚམས་བཞག་པ་རེད། རྒྱུ་མཚན་ནི་བརྟག་དཔྱད་བསྡོམས་རྩིས་བྱེད་སྟངས་ལ་གནད་དོན་ཡོད་མེད་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། དེར་རྐྱེན་བྱས་ནས་ཤི་བའི་མི་གྲངས་མང་དྲགས་པའི་རྐྱེན་གྱིས་རེད།

ཚེས་བཅུ་བདུན་ཉིན། འཕྲོད་བསྟེན་བློན་ཆེན་མ་ཤིའུ·ཧན་ཁའོ་ཁེས་དབྱིན་ཀེ་ལན་སྤྱི་པའི་འཕྲོད་བསྟེན་ཅུའུ་ཡི་པྲོག་དབྱིབས་ནད་དུག་གསར་པ་ལས་ཤི་བའི་ནད་པ་ཡི་བསྡོམས་རྩིས་ལ་ཛ་དྲག་ངང་ཞིབ་བཤེར་བྱེད་དགོས་པའི་བཀའ་བཏང་བ་རེད། “བསྡོམས་རྩིས་རིག་པའི་སྐྱོན་ཆ”ཡོད་མིན་ངོས་འཛིན་བྱེད་དགོས། ཆོད་དོན་འདི་བཟོས་པ་ནི་དབྱིན་ཇིའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཉིས་ཀྱིས་རྩོམ་ཡིག་ཅིག་གི་ནང་དུ་བཏོན་པ་རེད། དབྱིན་ཀེ་ལན་སྤྱི་པའི་འཕྲོད་བསྟེན་ཅུའུ་ཡིས་དབྱིན་ཀེ་ལན་གྱི་ནད་དུག་གསར་བ་ལས་ཤི་བའི་མི་གྲངས་སྡོམ་རྩིས་བྱེད་སྐབས། ནད་དུག་གསར་བ་ལས་ཤི་ཡོད་མེད་ལ་བསམ་བློ་མི་གཏོང་། དེར་བརྟེན“ནད་དུག་གསར་པ་ཕོག་མཁན་སུ་འདྲ་ཞིག་ཡིན་རུང་ཕྱིས་སུ་རྒྱུ་རྐྱེན་གང་རུང་གི་རྐྱེན་པས་ཤི་བ་ཚང་མ་འཕྲོད་བསྟེན་ཅུའུ་ཡི་ནད་དུག་གསར་པ་ཤི་བའི་བསྡོམས་རྩིས་གཞི་གྲངས་ནང་འཇུག་རྒྱུ་རེད” ། དཔེར་ན། ནད་པ་ཞིག་སྨན་ཁང་ནས་ཕྱིར་བུད་པའང་ཡང་ན། “ཟླ་གསུམ་སོང་རྗེས་སྙིང་ནད་ཕོག་ནས་ཤི་བའམ་ཡང་ན་སྤྱི་སྤྱོད་རླངས་འཁོར་གྱིས་བརྡུངས་ནས་ཤི་ནའང་། པྲོག་དབྱིབས་ནད་དུག་གསར་པ་ལས་ཤི་བའི་ནད་དཔེའི་གྲས་སུ་བརྩིས་ཡོད”ཟེར།

གཞུང་ཕྱོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། དབྱིན་ཇིའི་པྲོག་དབྱིབས་ནད་དུག་གསར་པ་བྱུང་མཁན་མི་གྲངས་ཁྲི་བཞི་དང་སྟོང་ལྔ་ལས་བརྒལ་ཡོད་པ་རེད། གཞི་གྲངས་དེ་ཡོ་རོབ་ཀྱི་རྒྱལ་ཁབ་ཁྲོད་མཐོ་ཤོས་ཡིན་པ་དང་གོ་ལ་ཧྲིལ་པོའི་ཆ་ནས་བཤད་ན། ཨ་མེ་རི་ཁ་དང་པ་ཞིས་རྒྱལ་ཁབ་ཀྱི་རྗེས་ཙམ་ལ་སླེབས་ཡོད།

དབུ་བཞུགས་བློན་ཆེན་པའོ་ལི་སི·ཡོ་ཧན་ཤུན་གྱིས་ཚེས་བཅུ་བདུན་ཉིན་རིམས་འགོག་ཚོད་འཛིན་བྱེད་ཐབས་སྔར་ལས་མེད་པ་བཟོ་རྒྱུའི་ཇུས་གཞི་ཁྱབ་བསྒྲགས་བྱས་པ་རེད། དབྱིན་ཇིས་ད་ལོའི་ཡེ་ཤུའི་འཁྲུངས་སྐར་སྔོན་ལ་འཚོ་བ་རྒྱུན་ལྡན་ལྟར་སླར་གསོ་བྱེད་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།