ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་དང་དབྱི་རག་གི་ཕྱི་འབྲེལ་དཔོན་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནས་བབ་སྐོར་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལེ་ཧྥུའུ་ཡིས་ཚེས་བཅུ་དགུ་ཉིན་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ནས་དུས་ཡུན་ཉིན་གཅིག་གི་དངོས་གཞིའི་འཚམས་འདྲི་བྱས་པ་དང་། དབྱི་རག་གི་ཕྱི་འབྲེལ་དཔོན་པོ་ཧུ་སའེ་དབྱིན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ས་ཁུལ་གྱི་གནས་བབ་སོགས་ཀྱི་གནད་དོན་སྐོར་ནས་གྲོས་མོལ་བྱས།

གྲོས་མོལ་མཇུག་རྫོགས་རྗེས་བསྡུས་པའི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཧུ་སའེ་དབྱིན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་། པྲོག་གསར་གློ་ཚད་རིམས་ནད་དང་མཐའ་མཚམས་ཀྱི་སྒོ་བརྒྱབ་པར་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་ཉོ་འཚོང་འགྲོ་འོང་ཇེ་ཉུང་དུ་སོང་བའི་གནད་དོན་སྐོར་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཉོ་འཚོང་འགྲོ་འོང་རྒྱ་བསྐྱེད་པའི་ཐབས་ལམ་འཚོལ་དགོས་ཞེས་ནན་གྱིས་བསྟན།

ས་ཁུལ་གྱི་གནས་བབ་སྐོར་གླེང་སྐབས། ཧུ་སའེ་དབྱིན་གྱིས་བསྟན་དོན། དབྱི་རག་གིས་ཁྱིམ་མཚེས་རྒྱལ་ཁབ་མཐའ་དག་བར་དུ་འབྲེལ་བ་བཟང་བོ་སྲུང་འཛིན་བྱེད་འདོད་ཡོད་ལ། དེ་ནི་དབྱི་རག་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཐུན། དབྱི་རག་གིས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་འདོད་མེད་པ་དང་རྒྱལ་ཁབ་གཞན་པས་རང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་རེ་བ་ཡང་བཅངས་མེད་ཟེར།

ཀྲ་ལེ་ཧྥུའུ་ཡིས་བསྟན་དོན། དབྱི་ལང་དང་དབྱི་རག་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་སྤུ་ཙམ་ཡང་མེད། དབྱི་རག་ལ་ཁྱིམ་མཚེས་རྒྱལ་ཁབ་མཐའ་དག་བར་དུ་འཛུགས་སྐྲུན་རང་བཞིན་གྱི་འབྲེལ་བ་འཛུགས་པའི་དབང་ཆ་ཡོད་ལ། དེ་ས་ཁུལ་གྱི་གཏན་འཇགས་ལ་ཕན་པ་ཡོད་པ་དང་། དབྱི་ལང་གིས་དབྱི་རག་གིས་རང་ས་ཁུལ་ནས་ནུས་པ་བཟང་བོ་འདོན་པར་དགའ་བསུ་ཞུ་བ་ཡིན་ཟེར།

ཀྲ་ལེ་ཧྥུའུ་ཡིས་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེའི་བདེ་འཇགས་འཇིགས་སྣང་ངེས་པར་དུ་གསལ་བོར་ཤེས་པར་བྱེད་དགོས། དབྱི་ལང་གི་དབྱི་སི་ལན་གསར་བརྗེའི་སྲུང་དམག་རུ་ཁག་གི་ཁོངས་སུ་གཏོགས་པའི་གནས་མཆོག་དམག་དཔུང་གི་བཀོད་འདོམས་དཔོན་པོ་ཁ་ཞི་མུའུ་སུའུ་ལའེ་མན་ཉི་དང་། དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་རྩ་འཛུགས་མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་བཀོད་འདོམས་དཔོན་པོ་གཞོན་པ་ཨ་པུའུ་མད་ཧི་ཏིས་མུའུ་ཧན་ཏེ་སི་གཉིས་ལྐོག་གསོད་བྱས་པ་ནི་ཨ་མེ་རི་ཁས་སྤེལ་བའི་འཇིགས་སྐུལ་བྱ་སྤྱོད་ཡིན་པས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་གྱོང་གུད་ཆེན་པོ་བཟོས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཕྱོགས་གཉིས་ཀྱིས་ད་དུང་དབྱི་རག་གི་ཙུང་ལི་མུའུ་སི་ཐ་ཧྥ་ཁ་ཏིས་མུས་ཀྱིས་དབྱི་ལང་ལ་འཚམས་འདྲི་བྱེད་པའི་གནད་དོན་སྐོར་ནས་གྲོས་མོལ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།